
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས21ཉིན། ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་དགའ་གནང་བའི་མཛད་སྒོའི་དར་ཆ་སྒྲེང་མཁན་རྣམས་ཀྱིས་ཁྲེང་ཏུའུ་གྲོང་ཁྱེར་མེ་མདའ་རྒྱག་པ་དང་མདའ་འཕེན་ལུས་རྩལ་སློབ་གྲྭར་དར་ཆ་སྒྲེང་བའི་སྦྱོང་བརྡར་བྱས་ཤིང་། འདི་ནི་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་མ་འཚོག་པའི་ཡར་སྔོན་དུ་བྱ་དགའ་གནང་བའི་མཛད་སྒོའི་དར་ཆ་སྒྲེང་མཁན་རྣམས་ཐོག་མར་ཀུན་ལ་བསྟན་པ་རེད།
ཐེངས་འདིའི་ཁྲེང་ཏུའུ་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་སྟེང་ལྷོ་ནུབ་རྡོ་སྣུམ་སློབ་ཆེན་དང་། སི་ཁྲོན་དགེ་འོས་སློབ་ཆེན། སི་ཁྲོན་ཉེན་རྟོག་པའི་སློབ་གླིང་། སི་ཁྲོན་སྨྱན་བྱེད་སློབ་གླིང་། ཇི་ལི་སློབ་གླིང་བཅས་མཐོ་རིམ་སློབ་ཆེན5ནས་ཁྱོན་དར་ཆ་སྒྲེང་མཁན198བདམས་ཡོད་པ་དང་། ཁོང་ཚོ་རྣམ་གྲངས18སྟེ་བྱ་དགའ་གནང་བའི་མཛད་སྒོ་ཁྱོན་ཐེངས269ཡི་དར་ཆ་སྒྲེང་བའི་བྱ་བར་ཞུགས་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། དར་ཆ་སྒྲེང་བའི་སྦྱོང་བརྡར་ནི་རྨང་གཞིའི་སྦྱོང་བརྡར་དང་སྲ་བརྟན་དང་ཤུགས་ཆེར་གཏོང་བའི་སྦྱོང་བརྡར་རིམ་པ་གཉིས་སུ་དབྱེ་ཡོད། རྨང་གཞིའི་སྦྱོང་བརྡར་ནི་ཟླ5པའི་ཟླ་དཀྱིལ་དང་ཟླ་མཇུག་ནས་མགོ་བརྩམས་པ་དང་། ཁྲིད་མཁན14སོ་སོར་མཐོ་རིམ་སློབ་ཆེན5རུ་ཕྱིན་ནས་དར་ཆ་སྒྲེང་མཁན198ལ་བསྟུད་མར་ཉིན8ལ་སྦྱོང་བརྡར་བྱས་པ་རེད། ནང་དོན་གཙོ་བོ་ནི་དར་ཆ་སྒྲེང་བའི་གཞི་རྩའི་འགུལ་སྟངས་དང་བྱ་དགའ་གནང་བའི་མཛད་སྒོའི་གོ་རིམ་རེད།
རྨང་གཞིའི་སྦྱོང་བརྡར་མཇུག་རྫོགས་རྗེས། དར་ཆ་སྒྲེང་མཁན་སོ་སོ་སྔ་ཕྱིར་ཚོད་ལྟའི་འགྲན་བསྡུར་ལ་ཞུགས་ནས་སྦྱོང་བརྡར་བྱས་པའི་འབྲས་བུ་ལ་ཞིབ་བཤེར་བྱས་པ་རེད། སྲ་བརྟན་དང་ཤུགས་ཆེར་གཏོང་བའི་སྦྱོང་བརྡར་ནི་ཟླ7པའི་ཚེས15ཉིན་ནས་ཚེས23ཉིན་བར་གསོ་སྦྱོང་རྟེན་གཞིར་གཅིག་སྡུད་ཐོག་སྤེལ། ཚོད་ལྟའི་འགྲན་བསྡུར་ཁྲོད་རྙེད་པའི་གནད་དོན་ལ་གཞིགས་ནས། ཁྲིད་མཁན་གྱིས་དར་ཆ་སྒྲེང་མཁན་གྱི་འགུལ་སྟངས་ཀྱི་ཚད་གཞི་དང་གཅིག་གྱུར་གྱི་ཚད་གཞི དར་ཆ་སྒྲེང་བའི་གོ་རིམ་བཅས་ཀྱི་ཐད་སྔར་བས་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་བྱས།
ཟླ7པའི་ཚེས21ཉིན་ནས་ཚེས23བར་ནི་སྲ་བརྟན་དང་ཤུགས་ཆེར་གཏོང་བའི་སྦྱོང་བརྡར་གྱི་མཐའ་མའི་དུས་རིམ་ཡིན་ཞིང་། རྣམ་གྲངས་སོ་སོའི་དར་ཆ་སྒྲེང་མཁན་རྣམས་རྟིང་རྩོད་ར་བ18ལ་ཕྱིན་ནས་ཚོགས་ར་ཤུགས་ཆེར་གཏོང་བའི་སྦྱོང་བརྡར་བྱས་ཏེ། གོམ་གང་མདུན་སྤོས་ཀྱིས་བྱ་དགའ་གནང་བའི་མཛད་སྒོའི་གོ་རིམ་ཁོང་དུ་ཆུད་པར་བྱས།
སི་ཁྲོན་ལིང་ཧྲན་གྱི་མི་ཡིན་ཞིང་སི་ཁྲོན་ཉེན་རྟོག་པའི་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་པའི་བོད་རིགས་བུ་མོ་ཡེ་ཤེས་དབྱངས་སྒྲོལ་ནི་དར་ཆ་སྒྲེང་བའི་ཚོ་ཆུང་དེ་གའི་དར་སྲུང་མཁན་དང་བཀའ་བརྡ་པ་ཡིན། འགྲན་བསྡུར་གྱི་སྐབས་སུ། མོ་དང་གྲོགས་པོ་ཚོས་ཁྲེང་ཏུའུ་གྲོང་ཁྱེར་མེ་མདའ་རྒྱག་པ་དང་མདའ་འཕེན་ལུས་རྩལ་སློབ་གྲྭའི་ཚོགས་ར་ནས་མེ་མདའ་རྒྱག་པའི་རྣམ་གྲངས་ཀྱི་བྱ་དགའ་གནང་བའི་མཛད་སྒོ་ཐེངས18འགྲུབ་རྒྱུ་རེད།
སྔོན་གྱི་སྦྱོང་བརྡར་གླེང་བའི་ཚེ། ཡེ་ཤེས་དབྱངས་སྒྲོལ་གྱིས་དར་ཆ་སྒྲེང་མཁན་ཕན་ཚུན་བར་གྱི་ལྟ་སྐུལ་དང་སྐུལ་ལྕག་གིས་མོ་ལ་ཚོར་སྣང་ཟབ་མོ་བྱིན་ཟེར། “ཐུན་མོང་སྦྱོང་བརྡར་བྱེད་ཐེངས་རེར་ང་ཚོས་བློ་རིག་ཆེས་ཆེར་བསྒྲིམས་ཏེ་ཐེངས་འདིའི་དར་ཆ་སྒྲེང་བའི་ལས་འགན་ལེགས་པར་འགྲུབ་དགོས་ཁོ་ན་བསམ་བཞིན་ཡོད། ” ཡེ་ཤེས་དབྱངས་སྒྲོལ་གྱིས“ང་ཚོས་དར་ཆ་སྒྲེང་ཐེངས་རེར་གཟབ་ནན་དང་གཟི་བརྗིད་ལྡན་པའི་སེམས་པ་བཅངས་ཡོད་ཅིང་། རྒྱལ་དར་རྩེ་མོར་སླེབས་དུས་ང་ལ་གཟི་བརྗིད་ལྡན་པའི་ཚོར་སྣང་སྐྱེས”ཞེས་བཤད། །