ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས31པའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་མགོ་ཚུགས་པར་གཟའ་འཁོར་གཉིས་ལས་མེད་པ་རེད། ཚེས13ཉིན་ཁྲེང་ཏུའུ་རུ་ནང་དོན་ཆ་ཚང་གི་ཕྱོགས་བསྡུས་ནང་སྦྱོང་བྱས་པ་དང་། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་གྲོང་གི་དང་བླངས་པའི་ས་ཚིགས་ཀྱང་དངོས་སུ་སྒོ་མོ་ཕྱེ་ཞིང་། གཙོ་རྒྱུག་སྨྱན་སྦྱོར་ལྟེ་གནས་ཀྱིས་ཀྱང་སྤྱི་ཚེས13ཉིན་དངོས་སུ་ཚོད་ལྟའི་ལས་གཉེར་བྱེད་མགོ་བརྩམས་ཡོད།
ཕྱོགས་བསྡུས་ནང་སྦྱོང་དེ་འགྲན་ར18དང་འབྲེལ་བ་ཡོད་ཅིང་། དེའི་ཁྲོད་དྲག་རྩལ་དང་སྒྱུ་རྩལ་ལུས་རྩལ། དྲ་བའི་སྤོ་ལོ་སོགས་རྣམ་གྲངས11ཚུད་ཡོད་པ་དང་། དེའི་ནང་ཞུགས་མཁན་རྣམས་ནི་འགྲན་བསྡུར་ཚོགས་པ་དང་། འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཆེན་མོའི་གྲོང་། ཨར་ཁང་ཞབས་ཞུ་སོགས་ཁྱབ་ཁོངས་མི་འདྲ་བའི་མི་ཚོགས་ཡོད་པ་དང་། ཁྱོན་མི་གྲངས3000ལས་བརྒལ་ཡོད། ཁྲེང་ཏུའུ་ཡི་གྲོང་བྱང་ལུས་རྩལ་ཁང་གི་དྲག་རྩལ་འགྲན་བསྡུར་ལྟེ་གནས་སུ། དེ་ཉིན་ནང་སྦྱོང་བྱས་པའི་ནང་དོན་གྱི་གྲས་སུ་འགྲན་ཞུགས་པ་འགྲན་རའི་ནང་ཞུགས་པའི་གོ་རིམ་དང་། འགྲན་བསྡུར་གྱི་བརྒྱུད་རིམ། ཤན་འབྱེད་པས་སྐར་མ་རྒྱག་པའི་ལས་རིམ་སོགས་ཚུད་ཡོད། ནང་སྦྱོང་བྱེད་པར་སླེབས་པའི་འགྲན་ཞུགས་པ་ཆུང་ཆུང་མང་ཆེ་བ་ནི་ཁྲེང་རུའི་སློབ་གྲྭ་འབྲིང་ཆུང་དུ་དྲག་རྩལ་ཆེད་ལས་སྦྱོང་མཁན་གྱི་སློབ་མ་ཡིན་པ་རེད།
གྲོང་བྱང་ལུས་རྩལ་ཁང་གི་དྲག་རྩལ་འགྲན་བསྡུར་ལྟེ་གནས་ཀྱི་འགྲན་བསྡུར་ཞབས་ཞུའི་ཀྲུའུ་རིན་གཞོན་པ་ལིའུ་ལིང་ལིན་གྱིས། ཐེངས་འདིའི་ཕྱོགས་བསྡུས་ནང་སྦྱོང་ནི་དངོས་གཞིའི་འགྲན་བསྡུར་གྱི་ཚད་གཞི་ལྟར་སྤེལ་ཡོད་ཅེས་གསུངས་པ་རེད།
ཕྱོགས་བསྡུས་ནང་སྦྱོང་ལེགས་གྲུབ་ཟིན་པའི་རྗེས། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཆེན་མོའི་གྲོང་ཚོའི་དང་བླངས་པའི་ཞབས་ཞུ་ས་ཚིགས་དེ་ཡང་ཚེས13ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་བ་རེད།
འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་རིང་། ལུས་རྩལ་གྲོང་ནང་འགྲན་བསྡུར་ཁྲོད་ཞུགས་མཁན་དང་བླངས་པ་སྟོང་ལ་ཉེ་བས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་ལུས་རྩལ་འགྲན་ཚོགས་ཆེན་མོའི་གྲོང་དེ་ཟླ7པའི་ཚེས22ཉིན་དངོས་སུ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ནས་ཕྱོགས་བཞིའི་སྐུ་མགྲོན་ལ་བསུ་བ་ཞུ་རྒྱུ་རེད།
ཚེས13ཉིན། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཆེན་མོའི་གཙོ་རྒྱུག་སྨྱན་སྦྱོར་ལྟེ་གནས་ཀྱིས་ཏུང་ཨན་ཧུའུ་ལུས་རྩལ་སྤྱི་གླིང་དུ་དངོས་སུ་ཚོད་ལྟའི་ལས་གཉེར་བྱས། ཁྲེང་ཏུའུ་ཡི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཆེན་མོའི་རིང་། འགྲན་བསྡུར་དང་འབྲེལ་བའི་ཆ་འཕྲིན་ཁྱབ་བསྒྲགས་དང་འགྲན་བསྡུར་གྱི་འབྲེལ་ཡོད་ཚོགས་པའི་བཅར་འདྲི་ཚང་མ་དེ་གར་སྤེལ་རྒྱུ་ཡིན་པ་རེད།