དམངས་འཚོའི་མི་འདང་ས་ཁ་གསབ་བྱས་ནས་སྐྱིད་པའི་འཚོ་བ་བསྐྲུན།
དེ་རིང་ང་ཚོས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥེང་ཧྥ་ཀུའེ་ལགས་ཚོགས་ཆེན་གཉིས་ཀྱི་བཅར་འདྲིའི་ལེ་ཚན་ནང་གདན་དྲངས་ཡོད། ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག དམངས་འཚོའི་གནད་དོན་ནི་ཚང་མས་ཆེས་དོ་སྣང་བྱེད་ས་རེད། སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ནང་དུའང་དམངས་འཚོའི་སྐོར་གྱི་བྱེད་ཐབས་མང་པོ་བཏོན་ཡོད། དེ་རིང་ང་ཚོས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཧྥེང་ཧྥ་ཀུའེ་ལ་དམངས་འཚོ་དེའི་ཐད་ནས་དགོངས་འཆར་གང་འདྲ་ཡོད་པར་ཅིག་བལྟ།

འཐུས་མི་ཧྥེང་ཧྥ་ཀུའེ་ཡིས་ཆེས་དོ་སྣང་བྱེད་ས་དེ་སློབ་གསོ་དང་སྨན་བཅོས་སྐོར་ཡིན་ལ། ཁོང་གིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་ཐོག མཐའ་མཚམས་ཀྱི་མི་རིགས་ས་ཁུལ་གྱི་སྨན་བཅོས་ནུས་པ་མཐོར་འདེགས་གཏོང་རྒྱུའི་ཐད་ཀྱི་གྲོས་འགོ་བཏོན་འདུག ཧྥེང་ཧྥ་ཀུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཡིས་མི་རིགས་ས་ཁུལ་དང་། ལྷག་པར་དུ་བོད་འབྲེལ་ས་ཁུལ་གྱིས་དམངས་འཚོ་ལེགས་བཅོས་གཏོང་བ་དང་། མི་སེམས་གཅིག་ཏུ་བསྡུ་པ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་ཚུགས་ས་དང་གཞི་འཛིན་ས་བྱེད་དགོས་ཞེས་གསུངས་ཡོད། དེ་བས། དཀར་མཛེས་ཁུལ་གྱི་ནོར་སྲིད་འགྲོ་སོང་གི་བརྒྱ་ཆའི་རེ་ལྔ་ཡན་དམངས་འཚོའི་ཁྱབ་ཁོངས་ནང་སྤྱད་པ་ཡིན། མི་སེར་ཚོར་སློབ་སྦྱོང་བྱེད་ས་ཡོད་པ་དང་། ན་དུས་བསྟེན་ས་ཡོད་པ། ཕྲུ་གུ་གསོ་སྐྱོང་བྱེད་མཁན་ཡོད་པ། རྒས་དུས་འཚོ་རྟེན་ཡོད་པ་སོགས་དངོས་སུ་ཚོར་དུ་བཅུག་ཡོད་ཅེས་བཤད།

གཞི་རིམ་མི་སེར་སྨན་ཁང་དུ་འགྲོ་བར་ལམ་ཐག་རིང་བ་དང་། སྨན་པར་བསྟེན་དཀའ་བའི་གནད་དོན་སྐོར་གླེང་སྐབས། ཁོང་གིས་སྨན་ཁང་དུ་འགྲོ་དུས་ལམ་ཐག་རིང་བ་དང་། སྨན་པར་བསྟེན་དཀའ་བའི་གནད་དོན་དེ་མི་རིགས་ས་ཁུལ་དུ་ཅུང་འབུར་ཐོན་རེད། དེ་བས་ང་ཚོས་སྨན་བཅོས་ལས་ཁུངས་ཀྱི་སྒྲིག་ཆས་དང་བཀོད་པ། སྨན་བཅོས་ནུས་པ་བཅས་མཐོར་འདེགས་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ཡོད། ཧྭ་ཞི་སྨན་ཁང་གིས་ང་ཚོའི་ཁུལ་མི་དམངས་སྨན་ཁང་ཚབ་གཉེར་བྱེད་རོགས་ཞུས་ནས། སྨན་ཁང་རྩེ་གྲས་ཀྱིས་སྣེ་ཁྲིད་བྱེད་དུ་བཅུག་ཡོད། དེ་མ་ཟད་ང་ཚོའི་ཁམས་བྱང་ལྟེ་བའི་སྨན་ཁང་ཕལ་བ་དང་། ཁམས་ལྷོ་ལྟེ་བའི་སྨན་ཁང་ཕལ་བར་སྣེ་ཁྲིད་དེ། ཁམས་ལྷོ་དང་ཁམས་བྱང་ལ་ཁེབས་པར་བྱས་ཡོད་ཅེས་བཤད།

༢༠༢༣ལོར། དཀར་མཛེས་ཁུལ་གྱིས་དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་བསམ་འཆར་གཏན་འབེབས་དང་ལག་བསྟར་བྱས་ནས། རྒྱལ་ཡོངས་གྱི་གཞི་རིམ་ཀྲུང་ལུགས་གསོ་རིག་ཆེད་མཁས་པའི་རྒྱུན་འཛིན་ལས་ཤག་བདུན་བཙུགས་ཡོད། ཧྭ་ཞི་དཀར་མཛེས་སྨན་ཁང་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་གཏན་འབེབས་ལག་བསྟར་བྱས་པ་དང་། ཧྭ་ཞི་སྨན་ཁང་མཐོ་སྒང་གསོ་རིག་ལྟེ་གནས་ཀྱི་ར་རྔ་ཁའི་ཡུལ་དངོས་ཞིབ་འཇུག་རྟེན་གཞིར་སྒོ་བྱང་བཀལ་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།

དཀར་མཛེས་ཁུལ་གྱིས་༢༠༢༤ལོར་ས་གནས་རང་གི་སྨན་པ་གསོ་སྐྱོང་བྱེད་དགོས་པའི་འཆར་གཞི་བཏོན་ཡོད། ཧྥེང་ཧྥ་ཀུའེ་ཡིས། གསོ་སྐྱོང་འཆར་གཞི་གཙོ་བོར་ཕྱོགས་གཉིས་ཡོད་ལ། གཅིག་ནས་འགན་བཏགས་ཡོད་པའི་སྨན་པ་དེ་ཚོ་གསོ་རིག་སློབ་ཆེན་དང་འབྲེལ་གཏུག་བྱས་ནས་ཟབ་སྦྱོང་དང་། ཞིང་ཆེན་ནང་གི་སྣེ་ཁྲིད་ཁ་གཏད་སྨན་ཁང་དང་འགྲོ་འོང་སྤེལ་རེས་བརྒྱུད་ནས་ལས་ཐོག་གསོ་སྐྱོང་བྱེད་རྒྱུ་ཡིན། གཉིས་ནས་ས་གནས་རང་གི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་གསོ་རིག་སྨན་པ་སྔར་བས་མང་པོ་གསོ་སྐྱོང་བྱེད་བསམ་ཡོད་ཅེས་བཤད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། ལྷ་མོ་བཀྲ་ཤིས།
ཞུ་དག མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba