
རིག་གནས་ཐོན་ལས་དར་སྤེལ་བཏང་ནས་དམངས་འཚོ་ཡར་རྒྱས་གཏོང་།
དེ་རིང་ང་ཚོས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་ལགས་ཚོགས་ཆེན་གཉིས་ཀྱི་བཅར་འདྲིའི་ལེ་ཚན་ནང་གདན་དྲངས་ཡོད། ང་ཚོས་འཐུས་མི་ཀྲང་ཝེ་ཏུང་ལ་རིག་གནས་ཐོན་ལས་སྐོར་ནས་དགོངས་འཆར་གང་འདྲ་ཡོད་པར་ཅིག་བལྟ།

འདས་པའི་ལོ་གཅིག་གི་ནང་། བདེ་ཆེན་ཁུལ་ཡོངས་ཀྱིས་བསྡོམས་པས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་གཉིས་ཁྲི་གཉིས་སྣེ་ལེན་བྱས་ཡོད་པས། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་རེ་བཞི་འཕར་ཡོད། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་ཉིས་བརྒྱ་གོ་དགུ་རག་པས། ལོ་སྔོན་མའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱ་དང་བཅུ་མེད་གཉིས་འཕར་ཡོད།

ཀྲང་ཝེ་ཏུང་གིས། ན་ནིང་། ཡུན་ནན་ནས་བོད་ལྗོངས་བར་གྱི་ལྕགས་ལམ་གྱི་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལམ་དུམ་ལ་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་ཡོད། ང་ཚོས་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འདི་དམ་འཛིན་བྱས་ནས། སྐབས་དང་པོའི་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་རིག་གནས་ཡུལ་སྐོར་འདུ་ཚོགས་དང་དེའི་མུ་འབྲེལ་བྱེད་སྒོ་བདེ་བླག་ངང་སྤེལ་ཡོད་ལ། དགུན་དུས་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བྱེད་ཅེས་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ། བསྡོམས་པས་སྒོར་བྱེ་བ་གཅིག་ཟིན་པའི་ཡུལ་སྐོར་ཐད་ཀྱི་འཛད་སྤྱོད་འཛིན་བྱང་སྤྲད་པས། ཡུལ་སྐོར་བ་འགུགས་པའི་ཕན་འབྲས་ཧ་ཅང་མངོན་གསལ་རེད་ཅེས་བཤད།

ཀྲང་ཝེ་ཏུང་གིས་རིག་གནས་ཡུལ་སྐོར་ཐོན་ལས་ནི་ཕྱོགས་བསྡུས་ཅན་གྱི་ཐོན་ལས་ཤིག་ཡིན་པས། འབྲེལ་བ་འབུར་ཐོན་དང་སྣེ་ཁྲིད་ནུས་པ་དྲག་པོ་ལྡན། རིག་གནས་ཡུལ་སྐོར་ཁེ་ལས་མང་པོ་ཞིག་ཀྱང་བདེ་ཆེན་ཁུལ་དུ་གཞིས་ཆགས་པས་ལས་ཞུགས་ལས་གནས་མང་པོ་མཁོ་འདོན་བྱས་ཡོད་ཅེས་བཤད། མིག་སྔའི་བསྡོམས་རྩིས་ལྟར་ན། བདེ་ཆེན་ཁུལ་ཡོངས་སུ་མི་འབུམ་གཅིག་ཁྲི་གསུམ་སྟོང་གཉིས་ཀྱིས་ཐད་ཀར་རམ་ཡང་ན་ཞོར་དུ་རིག་གནས་ཡུལ་སྐོར་ཐོན་ལས་ལས་ཀ་གཉེར་བཞིན་ཡོད་ལ། གྲངས་ཀ་འདི་ནི་ཁུལ་ཡོངས་ཀྱི་མི་འབུམ་གསུམ་ཁྲི་དགུ་སྟོང་གཅིག་གི་གསུམ་ཆ་གཅིག་ལྷག་ཟིན། འདི་ཡིས་ལས་ཞུགས་ལས་ཀར་ནུས་ལྡན་གྱིས་འགན་སྲུང་དང་། མི་སེར་གྱི་ཡོང་འབབ་འཕར་བཅུག་ཡོད།

ཀྲང་ཝེ་ཏུང་གིས་མ་འོངས་པའི་འཆར་གཞི་སྐོར་གླེང་སྐབས། རྗེས་མར་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ནས། རིག་གནས་ཡུལ་སྐོར་གྱི་མིང་བྱང་བསྐྲུན་པ་དང་། རི་ཆུ་ངོ་མཚར་ལྡན་པའི་བདེ་ཆེན་གྱིས་ཡུལ་སྐོར་བར་ཐུན་མིན་གྱི་གྲོང་ཁྱེར་གྱི་རྣམ་པར་ལྟད་མོ་ལྟ་བ་དང་། ངོ་མཚར་ཆེ་བའི་མི་རིགས་རིག་གནས་ཉམས་ལེན་བྱེད་དུ་འཇུག་རྒྱུ་ཡིན། བདེ་ཆེན་གྱི་ཞབས་ཞུ་ལེགས་པོས་ཡུལ་སྐོར་བ་འགུག་རྒྱུ་ཡིན་པ་དང་། ཚོང་གཉེར་ཁོར་ཡུག་ཡག་པོར་བསྐྲུན་ནས་རིག་གནས་ཡུལ་སྐོར་གྱི་དགོས་མཁོ་བསྐང་ནས། སྲིད་གཞུང་གི་ལྷག་བསམ་གྱིས་ཚོང་རའི་དགའ་བསུ་ཐོབ་པ་བྱེད་ཡིན་ཞེས་བཤད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། ལྷ་མོ་བཀྲ་ཤིས།
ཞུ་དག མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba