
ཟླ་བ་གསུམ་པའི་ཚེས་བདུན་ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ཨུ་ཡོན་བགྲོད་ལམ་ཐོག་གི་གཏམ་བཤད་ཐེངས་གཉིས་པ་སྤེལ། བོད་རང་སྐྱོང་ལྗོངས་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ནས་ཀྱི་ཞིབ་འཇུག་ཆེད་མཁས་པ་ཟླ་བ་དོན་གྲུབ་ཀྱིས་མདོ་དབུས་མཐོ་སྒང་གི་ནས་ཀྱི་ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་བོད་དར་ཇི་ལྟར་གཏོང་བ་དང་། འབྲུ་རིགས་ལོ་ལེགས་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བའི་སྐོར་ནས་གསར་འགོད་པར་ཐད་ཀར་དུ་སྤེལ་རེས་གནང་ཞིང་། རང་གི་རེ་འདུན་དང་སེམས་གཏམ་གླེང་བཞིན། ཡིད་ཆེས་དང་སྟོབས་ཤུགས་བརྒྱུད་སྒྲོག་བྱས།

དགུན་ནས་གསོ་སྐྱོང་བྱེད་པར་ཐོད་བརྒལ་ཆེན་པོ་བྱུང་།
ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། འབྲུ་རིགས་བརྟེན་ས་ས་ཞིང་། ཐོན་སྐྱེད་བརྟེན་ས་ལག་རྩལ་ཡིན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་རྒྱུ་དེ་ནས་ཞིབ་འཇུག་མཁན་ཞིག་གི་འགན་འཁྲི་རེད། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་གླིང་གི་ཞིང་ལས་ཞིབ་འཇུག་ཁང་གིས་དགུན་ནས་ལེགས་བསྒྱུར་ལ་ཞིབ་འཇུག་བྱས་ཏེ་བོད་ལྗོངས་ཀྱི་འདེབས་འཛུགས་སྒྲིག་གཞི་ལེགས་བསྒྱུར་སྙོམས་སྒྲིག་བྱེད་བཞིན་ཡོད། ཐོན་ཚད་ཁག་ཐེག་བྱེད་པ་དང་མཉམ་དུ་ས་ཞིང་གི་བེད་སྤྱོད་ཚད་གོང་མཐོར་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཅེས་བཤད།

དགུན་ནས་དེ་དཔྱིད་ནས་དང་མི་འདྲ་བར་ཟླ་བཅུ་པར་རྨོ་འདེབས་བྱེད་དགོས་ལ། ལོ་རྗེས་མའི་ཟླ་བདུན་པར་སྨིན་ཐུབ། དེ་བས་དགུན་ནས་ལོ་ལེགས་བྱུང་རྗེས། ཞིང་ནང་དུ་ད་དུང་གཟན་རྩྭ་སྐྱེ་ཐུབ། འདི་ལས་འབྲུ་རིགས་ཀྱི་ཐོན་འབོར་གགཏན་འཇགས་གཏོང་ཐུབ་པར་མ་ཟད། ད་དུང་བསྐྱར་དུ་སྲན་མ་སོགས་གཟན་རྩྭ་བཏབ་ནས་ས་ཞིང་སྤུས་ཀ་ལེགས་བསྒྱུར་བྱེད་ཐུབ། དེ་ལས་ལྷག་པ་ཞིག་ལ་དགུན་དུས་ཀྱི་སྔོ་ཁེབས་རྒྱ་ཁྱོན་གོང་མཐོར་བཏང་བས། ས་ཆུ་ཤོར་བར་སྔོན་འགོག་དང་འདབ་ཆགས་ལ་དགུན་ཁའི་ཁ་གཟན་མཁོ་འདོན་བྱས་ཡོད། ལོ་གཅིག་ནང་མི་ལ་བཟའ་འབྲུ་ཡོད། ཕྱུགས་ཟོག་ལ་གཟན་རྩྭ་འཛོམས། ས་རྒྱུ་གཤིན་པོ་ཡིན། བྱ་ལ་རྒུམ་བུ་ཡོད་པའི་ཁྱད་ཆོས་ལྡན།
རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། དགུན་ནས་ཁྱབ་གདལ་གཏོང་བའི་ས་ཁོངས་ཀྱི་མཚོ་འཕགས་སུམ་སྟོང་དྲུག་བརྒྱ་ཡིན་ལ། གྲང་བཟོད་ལེགས་བསྒྱུར་ཐུབ་ན། མཚོ་འཕགས་སྨི་བཞི་སྟོང་ཡན་ལ་རྒྱ་ཁྱབ་གཏང་ཆོག་པས། བོད་ལྗོངས་ཀྱི་ས་ཞིང་གི་བརྒྱ་ཆའི་བརྒྱད་ཅུ་ལ་བེད་སྤྱད་ཆོག

ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་ལྷོ་ཁ་ལྷུན་རྩེ་རྫོང་བྱ་ཡུལ་ཞང་གི་གནས་ཚུལ་དཔེ་བཞག་ནས་གསལ་བཤད་བྱེད་སྐབས། ཁོང་གིས་མང་ཚོགས་ཚོས་དགུན་ནས་བརྔ་བསྡུ་བྱས་རྗེས། བསྐྱར་དུ་བྲ་བོ་འདེབས་པ་དང་། བྲ་བོའི་ཐོན་རྫས་མང་པོ་ཐོན་སྐྱེད་བྱེད་བཞིན་འདུག ལོ་གཅིག་ནང་། ཡུལ་མི་ཚོའི་ཡོང་འབབ་འཕར་བར་མ་ཟད། རྨོ་ཞིང་གི་རིན་ཐང་ཇེ་ཆེར་སོང་ཡོད་ལ། ས་རྒྱུ་ལ་ཡང་སྲུང་སྐྱོང་ཡག་པོ་བྱེད་ཐུབ་ཡོད་ཅེས་བཤད།
རྩ་བ་མཐོ་སྒང་དུ་ཚུགས། སེམས་སུ་རྒྱལ་དོན་ཉར། འབད་པ་ལྷོད་མེད་བྱེད་པ་ནི་རབས་སོ་སོའི་མདོ་དབུས་མཐོ་སྒང་གི་ཞིང་ལས་ཚན་རྩལ་ལས་སྒྲུབ་པའི་དངོས་མཚོན་རེད། ད་ལོ་རང་སྐྱོང་ལྗོངས་ཡོངས་ཀྱིས་བསྐྱར་འདེབས་རྒྱ་ཁྱོན་མུའུ་འབུམ་གཅིག་ཁྲི་བརྒྱད་ལ་ཟིན། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གིས་ཆུ་ལུད་གཞི་གཅིག་ཅན་གྱི་དེང་རབས་ཅན་གྱི་ཞིང་ལས་ཚོད་ལྟ་ལེགས་འགྲུབ་བྱུང་ནས། མཚོ་འཕགས་མཐོ་བའི་དགུན་ནས་ཐོན་སྐྱེད་འཚོལ་ཞིབ་བྱེད་བཞིན་ཡོད།
ཁོང་གིས། ངའི་དགེ་རྒན་དམ་པ། ཀྲུང་གོའི་ནས་ཀྱི་ཡབ་ཆེན་དུ་འབོད་པའི་སྐུ་ཞབས་ཉི་མ་བཀྲ་ཤིས་ལགས་ཀྱིས། ང་ཚོའི་རྩ་བ་ཚུགས་ས་མདོ་དབུས་མཐོ་སྒང་ཡིན་མོད། སེམས་ལ་ཀྲུང་གོ་ཡོངས་འཛིན་དགོས་ཞེས་གསུངས་མྱོང་། ཟླ་གསུམ་བཞི་འགོར་རྗེས། དགུན་ནས་སྨིན་ཡོང་ལ་གསེར་མདོག་གི་སྙེ་མ་ཉི་འོད་འོག་འོད་ལམ་ལམ་དུ་མངོན་ཡོང་དུས་སེམས་ཀྱི་དགའ་བ་དཔག་ཏུ་མེད། ཐུན་མོང་གི་འབད་བརྩོན་འོག མེས་རྒྱལ་མཐའ་མཚམས་དེ་བས་མཛེས་སྡུག་ལྡན་པར་འཛུགས་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཞིང་གསུམ་ཡིད་ལ་བཅངས་ནས་སོ་ནམ་ལས་ལ་འབད།
སྐུ་གཤེགས་པའི་ནས་ཀྱི་ཆེད་མཁས་པ་གྲགས་ཅན་ཉི་མ་བཀྲ་ཤིས་ཀྱི་སློབ་མ་ཡིན་པའི་ཆ་ནས། ལོ་བཅོ་ལྔའི་རིང་། ཟླ་བ་དོན་གྲུབ་ཀྱིས་དུས་དང་རྣམ་པ་ཀུན་དུ་ནས་རྒྱུད་ལེགས་བསྒྱུར་གྱི་ལས་ལ་འབད་པ་རེད། ཟླ་བ་དོན་གྲུབ་ཀྱིས་དུས་ཐུང་གསོ་སྤེལ་ལ་བརྟེན་ནས། ད་ལོ་ང་ཚོས་དགུན་ནས་སོན་རྒྱུ་གསར་པ་བཅོ་ལྔ་བདམས་ཡོད་ཅེས་བཤད།
ད་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱིས་དགུན་ནས་མུའུ་བཞི་སྟོང་ཚོད་འདེབས་བྱས་ཡོད། འདིའི་ཐད་ནས། ཁོང་རང་ཟླ་རེར་ཚོད་ལྟའི་ཞིང་ཁར་ཐེངས་གཉིས་གསུམ་འགྲོ་དགོས་ལ། ཚོགས་པའི་སྣེ་ཁྲིད་དེ་དགུན་ནས་སོན་རྒྱུ་ཡག་པོ་བདམས་ནས། ལེགས་སྒྱུར་སོན་རྒྱུའི་གྲང་བཟོད་ནུས་པ་འཚོལ་སྙེག་བྱེད་བཞིན་ཡོད། ཟླ་བ་དོན་གྲུབ་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ལོ་ཏོག་གི་སྐྱེ་སྟོབས་གནས་ཚུལ་ལ་ཐོག་མ་ཉིད་ནས་རྒྱུས་ལོན་བྱས་ན། འདེབས་འཛུགས་འཆར་གཞི་དང་ཐོན་འབོར་འཕར་སྣོན་གྱི་འཆར་གཞི་ཡག་པོ་བཟོ་ཐུབ་ཅེས་བཤད།
ཁོང་ཚོའི་དམིགས་འབེན་ཡང་ཧ་ཅང་གསལ་པོ་ཡིན་ཏེ། མཚོ་འཕགས་སྨི་སུམ་སྟོང་བརྒྱད་བརྒྱ་ཡན་གྱི་ས་ཁུལ་དུ་གྲང་བཟོད་དང་སྔ་སྨིན་དགུན་ནས་ཀྱི་སོན་རྒྱུ་བསྐྱེད་སྲིང་བྱེད་པ་དང་། སྐྱེ་ཁམས་ཁུལ་མི་འདྲ་བའི་བསྐྱར་འདེབས་བྱེད་སྟངས་ཡག་ཤོས་འཚོལ་ཞིབ་བྱས་ཏེ། ས་མཐོའི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལག་རྩལ་གྱི་རྒྱབ་རྟེན་མཁོ་འདོན་བྱས་ནས། འབྲུ་རིགས་ཐོན་སྐྱེད་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་དུ་སྐུལ་འདེད་བཏང་སྟེ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་རྒྱུ་དེ་རེད།

ཟླ་བ་དོན་གྲུབ་ཀྱིས། ན་ནིང་ནི་ངས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་སྒྲུབ་པའི་ལོ་དང་པོ་ཡིན་ལ། ང་རང་མཚོ་འཕགས་སྨི་སུམ་སྟོང་བརྒྱད་བརྒྱའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་དུ་སྡོད་པའི་ལོ་དང་པོའང་ཡིན། ནས་ཞིབ་འཇུག་བྱེད་པའི་ཞིང་ལས་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ཆ་ནས། ང་རང་ཞིང་ལས་ཐོན་སྐྱེད་ཀྱི་ཡུལ་དངོས་ལ་འགྲོ་རྒྱུ་དེ་བཤད་མ་དགོས་པ་རེད་ཅེས་བཤད།
སྲིད་གྲོས་ཨུ་ཡོན་དུ་བདམས་པ་ནས་བཟུང་། ཟླ་བ་དོན་གྲུབ་ལ་སྔ་ནས་མེད་པའི་ཚོར་བ་ཞིག་བྱུང་ཞིང་། སྔོན་ཆད་ཁོ་རང་ཚོད་ལྟའི་ཞིང་ཁ་ནས་ཕྱིར་ཐོན་རྗེས་ཚོད་ལྟ་ཁང་དུ་འདུག་རྒྱུར་དགའ་མོད། ད་ལོ་སྔོན་དང་མི་འདྲ་བར་ཡར་མར་འགྲོ་རྒྱུར་དགའ་བོ་བྱུང་ཡོད།
ཟླ་བ་དོན་གྲུབ་ཀྱིས། སྲིད་གྲོས་ཨུ་ཡོན་གྱི་གྲོས་འགོ་དེ་ལས་རིགས་སོ་སོའི་མང་ཚོགས་ཁྲི་མ་འབུམ་དང་འབྲེལ་བ་ཡོད་པས། ངའི་འགན་འཁྲི་ལྕི་མོ་ཡིན་ཞེས་བཤད།
ད་ལོ་ཟླ་བ་དོན་གྲུབ་ཀྱིས་སེམས་ནུས་དེ་བས་མང་པོ་ཞིག་ནས་ཀྱི་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ལ་བརྟག་ཞིབ་བྱེད་པའི་ཐད་སྤྱད་ཡོད། ཁོང་གིས་ལྷུན་གྲུབ་རྫོང་ལ་གཞོགས་འདེགས་བྱས་ཏེ་ནས་ཀྱི་གླེང་སྟེགས་གཉེར་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་བྱེད་རོགས་བྱས། ཟླ་བ་དོན་གྲུབ་ཀྱིས་བོད་ཀྱི་ས་ཁུལ་ཁག་གཅིག་གི་ཞིང་ཆུ་འདྲེན་པའི་ཐད་ད་དུང་དཀའ་ངལ་ཡོད་པ་དང་ཆུ་བེད་སྒྲིག་བཀོད་ད་དུང་འདང་གི་མི་འདུག བདེ་ཐང་ཡིན་པའི་ས་ཁུལ་ཁ་ཤས་སུ་གལ་ཏེ་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་གཏང་ན་འབྲུ་རིགས་ཐོན་འབོར་འཕར་སྣོན་ཆེན་པོ་འབྱུང་ངེས་ཡིན་ཞེས་བཤད། རྗེས་མར་ཁོང་གིས་ཁྱབ་ཁོངས་རྒྱ་བསྐྱེད་དེ་བས་གཏིང་ཟབ་པའི་རྟོག་དཔྱད་ཞིབ་འཇུག་བྱ་རྩིས་རེད།
ད་ལྟ་ཁོང་གིས་དོ་སྣང་བྱེད་སའི་ཁྱབ་ཁོངས་དེ་མཐོ་སྒང་གི་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཐད་རྒྱ་བསྐྱེད་ཡོད་ལ། ཁོང་གིས། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་དང་ཚན་རྩལ་ཞིབ་འཇུག་བྱེད་པ་ནི་གནས་ལུགས་གཅིག་པ་རེད། ཞིང་ལས་ཐོན་སྐྱེད་ཀྱི་ཡུལ་དངོས་སུ་འགྲོ་དགོས་ལ། ཞིང་ཁ་ནས་གནད་དོན་མང་པོ་མཐོང་ཐུབ་པ་དང་ལག་ལེན་ཁྲོད་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་ཐུབ་ཅེས་བཤད།

སྤུས་གསར་ཐོན་སྐྱེད་ནུས་ཤུགས་ལ་དོ་སྣང་བྱས་ཏེ། ཚན་རྩལ་གྱིས་འཕེལ་རྒྱས་གསར་པར་ནུས་པ་འདོན།
ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་། ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་གཙོ་བོ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་འཕེལ་རྒྱས་ལ་དམིགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན། ལས་སྟེགས་འཛུགས་སྐྲུན་སོགས་ཕྱོགས་གསུམ་གྱི་ཐད་ནས་གྲོས་འགོ་བཏོན་ཡོད།
ཁོང་གིས། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་བོད་སྐྱོར་ལས་དོན་བྱས་པར་ཕན་འབྲས་ཧ་ཅང་ཡག་པོ་ཐོན་ཡོད་ཀྱང་། བོད་ཀྱི་དམིགས་བསལ་གྱི་ས་ཁམས་གནས་བབ་དང་རང་བྱུང་ཆ་རྐྱེན་དབང་གིས་རང་སྐྱོང་ལྗོངས་ཀྱི་ཕྱི་ནས་གདན་འདྲེན་ཞུས་པའི་འབུམ་རམས་པ་དང་དེ་བཞིན་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ཁོར་ཡུག་དང་འཚམ་དཀའ་བར་མ་ཟད་ནུས་པ་འདོན་ཐབས་བྲལ། གསར་གཏོད་ཚོགས་པ་ནུས་ལྡན་ཞིག་ཆགས་ཐུབ་མེད་པས། བོད་ཀྱི་ཞིང་ལས་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་མི་ཐུབ། དེར་བརྟེན་ཁོང་གིས་གྲོས་གཞིའི་ནང་སྲིད་ཇུས་དང་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ལྗོངས་ཞིང་འབྲོག་སློབ་གླིང་དུ་ལོ་ཏོག་རིག་པའི་རིམ་པ་དང་པོའི་རིག་ཚན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་ཡུལ་ལ་ཆོག་མཆན་སྤྲད་དེ་བོད་ལྗོངས་སོགས་མི་རིགས་ས་ཁུལ་ལ་སྤྱོད་གོ་ཆོད་པའི་ཤེས་ལྡན་པ་རྩེ་གྲ་དེ་བས་མང་པོ་བསྐྱེད་སྲིང་དང་གསོ་སྐྱོང་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།

གཞན་ཡང་གཞིས་ཀ་རྩེ་གྲོང་ཁྱེར་ནི་བོད་ལྗོངས་ཀྱི་ནས་ཐོན་སྐྱེད་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཡིན་རུང་། གྲོང་ཁྱེར་ནང་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཚུད་པའི་རང་བྱུང་སྲུང་སྐྱོང་ཁུལ་མང་པོ་ཡོད་པ་དང་། ཞིང་ཁ་མུའུ་འབུམ་བཞི་ལྷག་ཙམ་ལས་གཞི་བཙུགས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ནམ་ཡང་ན་རིམ་སྤོར་སྒྱུར་བཀོད་བྱེད་ཐབས་བྲལ་བས། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་ཚོད་འཛིན་ཕོག་ཡོད། ཨུ་ཡོན་ཟླ་བ་དོན་གྲུབ་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག འདེབས་འཛུགས་བྱེད་སྟངས་གསར་སྒྱུར་སོགས་ཀྱི་ཐད་ནས་ས་ཁོངས་དེའི་ནས་ཀྱི་ཐོན་འབབ་མཐོ་བ་དང་། སྤུས་ཀ་ལེགས་པ། འབག་མེད་ཐོན་སྐྱེད། ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་གཏང་སྟེ་ཞིང་ལས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་མཉམ་དུ་སྒྲུབ་དགོས་ཞེས་བཤད།
དེ་ལས་ལྷག་པ་ཞིག་ལ། ཟླ་བ་དོན་གྲུབ་ཀྱི་གྲོས་འགོ་ཞིག་གི་ནང་དུ་རྒྱལ་ཡོངས་ཀྱི་ས་མཐོའི་ས་ཁོངས་སྟེ་ས་བབ་མཐོ་བའི་ས་ཁོངས་ཀྱི་ཞིང་འབྲེལ་ཚན་རྩལ་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་བསྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ཚན་རྩལ་གསར་གཏོད་ཀྱི་དགོས་མཁོར་དམིགས་ནས་སྒྲིག་འཛུགས་ནུས་ཆེ་དང་། མཐུན་སྦྱོར་ནུས་ལྡན། སྒོ་འབྱེད་འཕེལ་རྒྱས་ཀྱི་ས་མཐོའི་ཞིང་ལས་སོན་རྒྱུའི་ཐོན་ཁུངས་དང་རྒྱུ་རྒྱུད་ལེགས་བསྒྱུར་གྱི་རྒྱལ་ཡོངས་གཙོ་གནད་ཚོད་ལྟ་ཁང་འཛུགས་དགོས་ཞེས་བཏོན་འདུག

ཟླ་བ་དོན་གྲུབ་ཀྱིས་ད་རེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅང་སུའུ་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ལག་རྩལ་གསར་པར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱས་ཏེ། ཐོན་ལས་རྩེར་སོན་ཅན་དང་། རིག་ནུས་ཅན། འབག་མེད་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་དེ། ང་ཚོ་ས་མཐོའི་ཞིང་ལས་ཀྱི་མ་འོངས་འཕེལ་རྒྱས་ལ་མཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་ཅེས་བཤད།
མ་འོངས་པར་ཟླ་བ་དོན་གྲུབ་ཀྱིས་ཁོང་གི་ཚོགས་པ་དང་མཉམ་དུ་མུ་མཐུད་དུ་འབད་བརྩོན་ཆེན་པོས་ནས་ཀྱི་རེ་བའི་ས་བོན་དེ་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་འདེབས་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། ལྷ་མོ་བཀྲ་ཤིས།
ཞུ་ཆེན། མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba