
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་ནང་ཞུགས་པའི་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་དང་ཚན་རྩལ་ལས་རིགས། ཁོར་ཡུག་ཐོན་ཁུངས་ལས་རིགས་བཅས་ཀྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་བར་མ་ཟད་མཉམ་འབྲེལ་ཚོ་ཆུང་གྲོས་ཚོགས་ནང་ཞུགས་ནས་བསམ་འཆར་དང་གྲོས་འགོར་གསན་པ་རེད། ཁོང་གིས་མི་དམངས་སྲིད་གྲོས་ཀྱི་ཏང་ཤོག་ཁག་དང་ཚོགས་པ་སོ་སོ། མི་རིགས་སོ་སོ་དང་ལས་རིགས་སོ་སོ། ཕྱོགས་སོ་སོའི་མི་སྣས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ལས་འགན་གལ་ཆེན་དང་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། རྟོག་ཞིབ་ཞིབ་འཇུག་ཟབ་མོ་དང་ཐབས་འདོན་སྲིད་གླེང་། ཐུན་མོང་གི་ལྟ་བ་གཅིག་མཐུན་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པར་རམ་འདེགས་བྱེད་དགོས་ཞེས་གསུངས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་གཞུང་ལས་ཐིང་གི་ཀྲུའུ་རེན་ཚའེ་ཆི་བཅས་འཚམས་འདྲི་དང་གྲོས་བསྡུར་ནང་ཞུགས་པ་རེད།
གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ཤར་རན་པའི་དུས་འདིར། ཞི་ཅིན་ཕིང་གིས་ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་བྱས་ཏེ། རྒྱལ་ཡོངས་ཚོགས་ཆེན་གཉིས་ནང་ཞུགས་པའི་བུད་མེད་འཐུས་མི་དང་ཨུ་ཡོན། བུད་མེད་ལས་སྒྲུབ་པ། རྒྱལ་ཡོངས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་བུད་མེད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁོངས། ཨོ་མེན་དམིགས་བསལ་སྲིད་འཛིན་ས་ཁོངས། ཐེ་ཝན་ས་ཁུལ་གྱི་བུད་མེད་སྤུན་ཟླ། ཕྱི་སྡོད་བུད་མེད་སྤུན་ཟླ་སོགས་ལ་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། རྒྱ་ཆེ་བའི་བུད་མེད་རྣམས་ཀྱིས་སྙིང་སྟོབས་ཆེར་བསྐྱེད་དང་། བུད་མེད་རྒྱལ་ཁམས་ཕྱེད་ཀ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བུད་མེད་རྣམས་ཀྱི་བྱས་རྗེས་འཇོག་པའི་རེ་བ་ཡོད་ཅེས་གསུངས་པ་རེད།
མཉམ་འབྲེལ་ཚོ་ཆུང་གི་གྲོས་ཚོགས་ཐོག ཞ་ཞན་ཕེན་དང་ཐེན་ཧུང་ཆི། ཝུའུ་ཅན་ཕིང་། ཀྲའོ་ཡུས་ལིའང་། ཧོང་མན་སུང་། ཧུའུ་སུང་ཆིན་སོགས་ཨུ་ཡོན་དྲུག་གིས། མཚོ་འགག་ངོགས་གཉིས་ཐོན་ལས་མ་ལག་དང་མཁོ་འདོན་མ་ལག་མཉམ་ལས་ཇེ་དྲག་དང་བློ་བརྟན་འགྱུར་མེད་ཀྱིས་མེས་རྒྱས་ཡོངས་སུ་གཅིག་འགྱུར། འབྲེལ་དྲའི་སྲོག་ཤིང་གི་ལག་རྩལ་གྱིས་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་རྟེན་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་ལ་བསྒྱུར་གང་ཐུབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོན་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་གཏོང་གང་ཐུབ། འབག་དངོས་གསར་པའི་བཅོས་སྐྱོང་ཇེ་དྲག་གཏོང་དགོས་པ་སོགས་ཀྱི་ཐད་གཏམ་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས་གསུང་བཤད་གལ་ཆེན་གནང་སྟེ། ཁོང་གིས་ཚང་མས་མཉམ་གཅིག་ཏུ་བགྲོ་གླེང་བརྗེ་རེས་བྱས་ནས། བསམ་འཆར་དང་གྲོས་འགོ་ལ་ཉན་ནས་དགའ་སྤྲོ་ཚད་མེད་སྐྱེས་སོང་གསུངས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་མཛད་ནས། འདིར་བཞུགས་ཨུ་ཡོན་སོ་སོ་དང་། རྒྱ་ཆེ་བའི་ཀྲུང་གོ་གོ་མིང་ཏང་གསར་བརྗེ་ཨུ་ལྷན་གྱི་ཁོངས་མི་དང་ཚན་རྩལ་ལས་རིགས་ཁག ཁོར་ཡུག་ཐོན་ཁུངས་ལས་རིགས་ཁག་གི་མི་སྣ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམ་འདྲི་ཞུས་པ་རེད།
ཞི་ཅིན་ཕིང་གིས། ༢༠༢༣ལོ་ནི་ཁྱོན་ཡོངས་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དོན་འཁྱོལ་བྱེད་འགོ་བཙུགས་པའི་ལོ་ཡིན། ཀྲུང་གུང་ཀྲུང་དབྱང་གིས་མཐུན་སྒྲིལ་ཆེན་པོས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་སོ་སོའི་སྣེ་ཁྲིད་དེ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀ་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་དང་། ཏོག་གསར་རིམས་ནད་འགོག་སྲུང་ཚོད་འཛིན་ལེགས་སྒྱུར་ལག་བསྟར་ནན་མོ་བྱས་ཤིང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་སླར་གསོ་འཕེལ་རྒྱས་བཏང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཇེ་བརྟན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ཡག་པོ་གྲུབ་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པར་གོམ་ཁ་བརྟན་པོ་བསྒྱུར་ཡོད། གྲུབ་འབྲས་ནི་ཐོབ་དཀའ་བ་ཡིན་ལ། འགྲུབ་འབྲས་དེ་དག་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་བསྒྲིལ་གཅིག་གྱུར་དང་འབད་བརྩོན་ལྷོད་མེད་ལས་བྱུང་བ་ཡིན་ལ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱི་དཀའ་ལས་དང་ཤེས་རབ་ཀྱང་འདུས་ཡོད་ཅེས་ནན་གསུང་གནང་བ་རེད།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས་བློ་སེམས་གཅིག་བསྒྲིམས་གྱིས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་ཡར་བརྩོན་གྱིས་རྒྱང་སྐྱོད་གསར་པར་བསྐྱོད་ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཟབ་སྤེལ་དང་། ཆབ་སྲིད་གྲོས་མོལ་དང་སྲིད་ཞུགས་སྲིད་གླེང་གི་ལས་ཀ་ཡག་མོ་སྤེལ་པ། རྒྱུན་མཐུད་ནས་འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་དམངས་གཙོའི་ལྟ་སྐུལ་ནང་ཞུགས་ཡོད་ལ། མཚོ་འགག་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱེད་པར་སྐུལ་འདེད་གང་ཐུབ་བྱས་ཡོད། རྒྱ་ཆེའི་ཚན་རྩལ་ལས་རིགས་ཀྱི་མི་སྣས་ཚན་རྩལ་ནང་རྐྱེན་བཅོས་བསྒྱུར་གྱི་ལས་ཀར་རྒྱབ་སྐྱོར་གང་ཐུབ་དང་། འབད་པ་ཆེན་པོས་ཚན་རྩལ་གསར་གཏོད་ཀྱི་ལས་ཀ་བསྒྲུབས་ཡོད། རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་མི་སྣས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་དེ། འཕེལ་རྒྱས་ཀྱི་རྣམ་པ་འབག་མེད་ལུགས་བསྒྱུར་བྱེད་པའི་གོ་རིམ་ཁྲོད་དགེ་མཚན་ལྡན་པའི་བྱེད་ནུས་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ལྷན་གྱིས་ཐའེ་ཝན་ལས་ཀའི་བཀོད་པ་ཆེན་པོའི་ཁྲོད་སྔར་ལས་ལྷག་པར་གནས་གཏན་ཐིག་པོ་དང་ལེགས་ཆ་འདོན་སྤེལ། བྱས་རྗེས་འཇོག་གང་ཐུབ་བྱེད་དགོས་པ་དང་། རྒྱལ་ཁབ་ཕྱི་ནང་དང་གླིང་ཕྲན་ཕྱི་ནང་གི་མཐུན་སྒྲིལ་ཐུབ་པའི་རྒྱལ་གཅེས་སྟོབས་ཤུགས་ལ་མཐུན་བསྒྲིལ་དེ་བས་ཡག་མོ་བྱེད་དེ། རྒྱུན་ཆད་མེད་པར་རང་བཙན་ལ་ངོ་རྒོལ་དང་གཅིག་འགྱུར་ཡོང་བར་སྐུལ་བའི་སྟོབས་ཤུགས་སྟོབས་ལྡན་བཏང་ནས། མཉམ་དུ་མེས་རྒྱལ་ཞི་བདེ་གཅིག་འགྱུར་ཡོང་བར་སྐུལ་དགོས། མཚོ་འགག་ངོགས་གཉིས་ཀྱི་ཚན་རྩལ་དང་ཞིང་ལས། མི་ཆོས་རིག་གནས། ན་གཞོན་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་གང་ཐུབ་བྱས་ནས། མཚོ་འགག་ངོགས་གཉིས་ཀྱི་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུ་ཟབ་སྤེལ་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་དང་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས་ཚན་རིག་དང་སློབ་གསོ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འདུན་པ་ཇེ་དྲག་གཏོང་དགོས་པ་དང་། ཚན་རྩལ་གསར་གཏོད་བྱེད་པའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་བ། རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཐད་ཀྱི་རྨང་གཞིའི་ཞིབ་འཇུག་ཇེ་དྲག་གཏོང་བ། གནད་འགག་གི་ལག་རྩལ་གཙོ་བོའི་འགག་སྒྲོལ་ལས་ཀ་ཡག་མོ་བསྒྲུབས་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་ འགུལ་ནུས་གསར་པ་གསོ་སྐྱོང་དང་འཕེལ་རྒྱས་གཏོང་དགོས། དོན་དམ་དངོས་གཉེར་གྱིས་ཐབས་འདོན་ཇུས་འབུལ་བྱེད་དགོས་པ་དང་། ཚན་རྩལ་ནང་རྐྱེན་བཅོས་བསྒྱུར་དང་ཤེས་ལྡན་མི་སྣ་འཕེལ་རྒྱས་ཀྱི་ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་ཟབ་སྤེལ་གཏོང་རྒྱུར་རམ་འདེགས་གཏོང་དགོས་ཤིང་། ཚན་རྩལ་གདེང་འཇོག་མ་ལག་དང་སྐུལ་ལྕག་ནང་རྐྱེན་འཐུས་སྒོ་ཇེ་ཚང་དུ་བཏང་ནས། སྔར་ལས་ལྷག་པར་རིགས་སོ་སོའི་འཇོན་མིས་གསར་གཏོད་བྱེད་པའི་གསོན་ཤུགས་དང་གཏིང་ཤུགས་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་རྒྱ་ཆེའི་ཁོར་ཡུག་ཐོན་ཁུངས་ལས་རིགས་ཀྱི་ཨུ་ཡོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇེ་དྲག་གཏོང་བ་དང་། སྤུས་མཐོའི་འཕེལ་རྒྱས་ལ་ཆུ་ཚད་མཐོན་པོས་རམ་འདེགས་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་དགོས། རྒྱལ་ཁབ་མངའ་ཁོངས་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་མ་མཐའི་ཚད་གཞི་སྲུང་བ་དང་། སྐྱེ་ཁམས་ཁོར་ཡུག་ས་ཁུལ་དགར་ནས་དོ་དམ་ཚོད་འཛིན་བྱེད་པའི་མ་ལག་འཐུས་ཚང་གཏོང་བ་དང་། སྤུས་མཐོའི་འཕེལ་རྒྱས་གཏོང་བའི་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོར་གཏོང་དགོས། ཁྱོན་ཡོངས་ནས་འབག་བཙོག་བཅོས་སྐྱོང་གནད་འཁེལ་དང་། ཚན་རིག་དང་མཐུན་པའི་འབག་བཅོས། ཁྲིམས་ལྟར་འབག་བཅོས་ཀྱི་བྱེད་ཕྱོགས་བཅས་དོན་དུ་འཁྱོལ་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འབག་མེད་ཅན་དང་ཐཱན་ཉུང་ཅན་གོང་དུ་སྤེལ་ནས། ཐོན་ཁུངས་གྲོན་ཆུང་གཅིག་བསྡུས་དང་རེས་འཁོར་བེད་སྤྱོད་ཇེ་དྲག་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པའི་ལམ་བུ་རྒྱ་བསྐྱེད་པ། ཐཱན་རྩེར་སོན་དང་ཐཱན་དོ་སྙོམས་གང་ཐུབ་བྱས་ནས་སྤུས་མཐོའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་དང་། ལེགས་ཆ་གསར་པ་བསྐྲུན་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ད་ལོ་ནི་མི་དམངས་སྲིད་གྲོས་བཙུགས་ནས་ལོ་དོན་ལྔ་འཁོར། མི་དམངས་སྲིད་གྲོས་ཀྱིས་སྲོལ་རྒྱུན་ཡག་པོ་དམ་འཛིན་དང་ཆབ་སྲིད་ཀྱི་འགན་འཁྲི་སེམས་ལ་འཛིན་པ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཇེ་དྲག་གཏོང་བ། ཆེད་དོན་གྲོས་མོལ་ལས་ཁུངས་ལམ་ལུགས་འཛུགས་སྐྱོང་ཇེ་དྲག རང་ངོས་འཛུགས་སྐྱོང་ཇེ་དྲག སྲིད་གྲོས་ཨུ་ཡོན་གྱིས་རང་ངོས་ཀྱི་བྱང་ཚད་མཐོར་འདེགས་དང་འགན་སྒྲུབ་ནུས་པ་ཇེ་མཐོར་བཏང་ནས། དུས་རབས་གསར་པའི་སྲིད་གྲོས་ལས་ཀ་དང་ཏང་མང་མཉམ་ལས་ཀྱི་བྱ་གཞག་ལ་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས་ཞེས་གསུངས་པ་རེད།
ཧྲི་ཐའེ་ཧྥུང་དང་། ཀྲེང་ཅན་པང་། ཧུའུ་ཁྲུན་ཧྭ། ཝང་ཏུང་ཧྥུང་། ཧོ་པོ་ཞང་སོགས་མཉམ་འབྲེལ་ཚོ་ཆུང་གྲོས་ཚོགས་ནང་ཞུགས་པ་རེད།
འཕྲིན་སྟེགས། weikangba