དཀར་མཛེས་ཀྱི་སྨན་བཅོས་བྱ་གཞག་ཡག་པོ་སྒྲུབ་ནས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱེད།
རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་གཉའ་རྒྱལ་མཚན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བོད་ཀྱི་སྨན་རྩིས་ཁང་གི་ཡིན། ཁོ་རང་དུས་ཡུན་རིང་པོར་བོད་ཀྱི་གསོ་རིག་སྨན་བཅོས་དང་སློབ་ཁྲིད། ཚན་རིག་ཞིབ་འཇུག སྨན་སྣ་སྡེབ་སྦྱོར། དོ་དམ་སོགས་ཀྱི་ལས་ཀ་གཉེར་བར་མ་ཟད། ཞོར་ནས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ་དཀར་མཛེས་ཁུལ་གྱི་ཟུར་ལུགས་གསོ་རིག་གི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་ཡང་ཡིན། བོད་ལུགས་གསོ་རིག་ལ་ནང་བྱན་ཆུད་པའི་དམངས་ཆེན་འཐུས་མི་ཞིག་ཡིན་པའི་ཆ་ནས། གཉའ་རྒྱལ་མཚན་གྱིས་ད་ལོའི་ཚོགས་ཆེན་གཉིས་ཀྱི་ནང་དོ་ཁུར་བྱེད་ས་གཙོ་བོ་ནི། རང་གི་ཆེད་ལས་ཀྱི་ཁྱབ་ཁོངས་སྨན་བཅོས་འཕྲོད་བསྟེན་གྱི་སྐོར་ཡིན།
གཉའ་རྒྱལ་མཚན་གྱིས་དཀར་མཛེས་ཁུལ་དུ་སྨན་བཅོས་ལས་ཀ་གཉེར་ནས་ལོ་ངོ་སུམ་ཅུ་ལྷག་འགོར་ཡོད་ལ། ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་དང་མང་ཚོགས་ཀྱི་བདེ་ཐང་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་ལྡན། ལོ་མང་པོའི་རིང་རྟོག་ཞིབ་དང་སྨན་བཅོས་གནང་བ་བརྒྱུད། ཁོང་གིས་གློ་གཅོང་སོགས་འགོས་ནད་དཀར་མཛེས་ཁུལ་དུ་ཅུང་མང་བ་རྟོགས། ལྷག་ཏུ་གྲང་ངར་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ནང་དུ། ནད་གཞི་ཕོག་ཚད་བརྒྱ་ཆ་དྲུག་ཅུར་ཟིན། དེའི་རྐྱེན། ཁོས་བསམ་འཆར་བཏོན་ནས། རྒྱལ་ཁབ་ཀྱིས་དཀར་མཛེས་ཁུལ་གྱི་འདུས་འདྲིལ་གློ་གཅོང་གི་འགོས་ནད་སོགས་འགོས་ནད་སྐོར་ལ་རྒྱབ་སྐྱོར་ཆེན་པོ་གནང་བའི་རེ་བ་ཞུས།
གཉའ་རྒྱལ་མཚན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ༢༠༢༢ལོ་ནས་བཟུང་། དཀར་མཛེས་ཁུལ་གྱིས་འདུས་འདྲིལ་གློ་གཅོང་གི་འགོས་ནད་འགོག་བཅོས་ལ་གཅིག་བསྡུས་འགག་སྒྲོལ་བྱ་སྤྱོད་སྤེལ་གང་ཐུབ་བྱས་ནས་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་ཡོད། འདུས་འདྲིལ་གློ་གཅོང་གི་འགོས་ནད་འགོག་བཅོས་ཕན་འབྲས་སྔར་བས་སྲ་བརྟན་དང་ཟབ་སྤེལ་བྱ་ཆེད། གཉའ་རྒྱལ་མཚན་གྱིས་གྲོས་འགོ་གསུམ་བཏོན་ཡོད་དེ། གཅིག་ལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ལྷན་གྱིས་དཀར་མཛེས་ཁུལ་འདུས་འདྲིལ་གློ་གཅོང་གི་འགོས་ནད་ལ་ཚད་ལྡན་ཅན་གྱི་སྒོ་བསྟེན་སྨན་ཁང་དང་འགོས་ནད་འགོག་བཅོས་ཁང་། དེ་མིན་ཚོད་ལྟ་ཁང་སོགས་འཛུགས་སྐྱོང་བྱེད་པའི་འབྲེལ་ཡོད་ལས་གཞིར་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་དང་། གཉིས་ནས། ནོར་སྲིད་པུའུ་ཡིས་དཀར་མཛེས་ཁུལ་འདུས་འདྲིལ་གློ་གཅོང་གི་འགོས་ནད་ཕོག་མཁན་ཡོངས་ལ་ཞིབ་བཤེར་དང་ཚད་ལྡན་སྨན་བཅོས་ཐད་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་ཁ་གསབ་གནང་བ། གསུམ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་གིས། དཀར་མཛེས་ཁུལ་གྱི་འདུས་འདྲིལ་གློ་གཅོང་གི་འགོས་ནད་འགོག་བཅོས་ལ་གཅིག་བསྡུས་འགན་སྒྲོལ་ཐད་སྲིད་ཇུས་དང་མ་དངུལ། ལག་རྩལ་སོགས་ཀྱི་ཐད་ནས་དམིགས་བསལ་རྒྱབ་སྐྱོར་གནང་བར་རེ་ཞུ་བྱས་པ་རེད།
མ་འོངས་པའི་ཐད་ནས། གཉའ་རྒྱལ་མཚན་གྱིས། ཁོས་འབད་པ་ལྷོད་མེད་ཀྱིས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ཁྲོད་ཀྱི་༢༠༢༤ལོའི་འཆར་འགོད་ཁག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་པ་དང་། མུ་མཐུད་དུ་རང་གིས་བཏོན་པའི་སྨན་བཅོས་འཕྲོད་བསྟེན་ཐད་ཀྱི་གྲོས་འགོ་ལ་འབད་ནས། ལག་ལེན་དངོས་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་རྒྱ་ཆེ་བའི་མང་ཚོགས་ཀྱི་ཚེ་སྲོག་ཉེན་མེད་དང་སྐུ་གཟུགས་བདེ་ཐང་ལ་འགན་སྲུང་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། དཔལ་ལྡན་གཡང་སྐྱིད།
ཞུ་ཆེན། མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba