
ཟླ3པའི་ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པའི་དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་ཏང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ལྷན་ཚོགས་ལ་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས6ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་ཏང་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ལྷན་ཚོགས་ལ་ཞུགས། ནན་ཏན་སྒོས་ཨུ་ཡོན་ཅ་ཆིན་གོ་དང་ཏིན་རོང་ལིན། ཀྲའོ་ཆི་སོགས་ཀྱི་གཏམ་བཤད་ལ་མཉན་རྗེས། ཀྲའོ་ལེ་ཅི་ཡིས་བཤད་རྒྱུར། 2023ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བརྟན་ཐོག་ཡར་བྲཙོན་གྱི་བྱ་བའི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་དང་། ཞུམ་མེད་འབད་བརྩོན་དང་དཔའ་ངར་མདུན་སྐྱོད་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གོམ་པ་བརྟན་པོ་སྤོས། ལག་ལེན་ལས་གཏན་ཕབ་གཉིས་ནི་དཀའ་སྡུག་བར་ཆད་མཐའ་དག་ལས་རྣམ་པར་རྒྱལ་བ་དང་གཏན་ཁེལ་མིན་པ་མཐའ་དག་ལ་ཁ་གཏོད་པའི་ཆེས་ཆེ་བའི་གཏན་ཁེལ་རང་བཞིན་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་ནི་དཀའ་ངལ་དང་འཇིགས་ཉེན་ལ་འཕྲད་ཚེ་ཀྲུང་གོ་མི་དམངས་ཀྱི་ཆེས་བློ་འཁེལ་སའི་རྟེན་ས་ཡིན་པ་ཡང་བསྐྱར་ར་སྤྲོད་བྱས་ཡོད་ཟེར།
ཀྲའོ་ལེ་ཅི་ཡིས་བསྟན་དོན། དམངས་གཙོ་མནའ་འབྲེལ་དང་ཞིང་བཟོ་ཏང་གིས་བརྟག་བཤེར་ཞིབ་འཇུག་གཏིང་ཟབ་བྱས་ཏེ། ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བློ་རིག་དང་སྟོབས་ཤུགས་ཕུལ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ངེས་གནས་འཚོལ་བ་དང་ཁ་ཕྱོགས་གསལ་བོས་འཕེལ་རྒྱས་ཀྱི་ཡིད་ཆེས་སྲ་བརྟན་དུ་གཏོང་བ་དང་། ཧུར་ཐག་གིས་སྲིད་ཞུགས་འགན་སྒྲུབ་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་རྒྱ་ཆེར་བྱེད་པ་དང་། སྔར་ལས་ལྷག་པར་རང་སྟེང་གི་ལས་རིགས་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་དགོས་པའི་རེ་བ་ཡོད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན། དམངས་གཙོའི་ཏང་ཁག་སོ་སོས་ཏང་མང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར། བློ་ཐག་རྦད་ཆོད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས་པ་དང་། ཀྲུང་གོའི་གསར་དར་སྲིད་ཏང་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས། འཐུས་ཚང་གང་ལེགས་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་བློ་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འཐབ་ཀྱི་ཆབ་སྲིད་རང་གཤིས་རྒྱུན་འཁྱོངས་བྱེད་དགོས། སྲིད་ཏང་གྲོས་མོལ་གྱི་སྤུས་ཚད་མཐོར་འདེགས་སུ་བཏང་ནས། ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་བཟང་པོ་དང་ལག་རོགས་བཟང་པོ། ལས་རོགས་བཟང་པོ་བྱེད་དགོས། མུ་མཐུད་དུ་རང་སྟེང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འགན་སྒྲུབ་ནུས་པ་དང་ཆུ་ཚད་བརྟན་རླིང་ངང་མཐོར་འདེགས་སུ་གཏོང་དགོས། །
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba