ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས25ཉིན་གྱི་སྔ་མོར། གསེར་མདོག་གི་ཉི་འོད་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཧུའེ་ཀུའུ་ལམ་ཆེན་དུ་འཕྲོས་ཤིང་། “གློག་ལྡན་ཞིབ་དཔྱད་ཚད་ལེན་བརྒྱུད། ང་ཚོས་སྒྲིག་ཆས་ལ་གློག་ཡོད་མེད་ཀྱི་གནས་ཚུལ་དང་ཐེག་ཚད་མཐོ་དུས་དྲོད་སྐྱེད་མིན་བརྡར་ཤ་གཅོད་ཐུབ། གལ་ཏེ་གནད་དོན་མཐོང་ཚེ་དུས་ཐོག་ཏུ་སེལ་དགོས”ཞེས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་བོད་ལྗོངས་ལྷ་ས་གློག་འདོན་ཀུང་སི་ཁྲེང་ཀོན་ཆུས་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་མགོ་གཙོ་བཀྲ་ཤིས་ཉི་མ་དང་ལས་གྲོགས་ཚོས་ལས་ཀ་ལས་བཞིན་དེ་ལྟར་བརྗོད།

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིའམ་བོད་ལྗོངས་ལྷ་སའི་གློག་འདོན་ཀུང་སི་ཁྲེང་ཀོན་ཆུས་གློག་འདོན་ཞབས་ཞུ་མི་སྣ་བཀྲ་ཤིས་ཉི་མ།
ན་ནིང་གི་རྒྱལ་ཡོངས་དམངས་ཆེན་སྟེང་བཀྲ་ཤིས་ཉི་མས་རོང་འབྲོག་ཁུལ་གྱི་གློག་དྲ་ཇུས་འགོད་འཛུགས་སྐྲུན་དང་གློག་ཤུགས་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་པ་འཕར་དགོས་པའི་སྐོར་གྱི་གྲོས་གཞི་བཏོན་པ་དང་། ཅི་ལྟར་ཕྱོགས་ཡོངས་ནས་སྒྲིག་གཞི་ལུགས་མཐུན་དང་བདེ་འཇགས་བརྟེན་ས་ཡོད་པ། འཁོར་སྐྱོད་བབ་བསྟུན། དཔལ་འབྱོར་ནུས་མཐོའི་གྲོང་གསེབ་གློག་དྲ་འཛུགས་སྐྲུན་བྱེད་་པ་ནི་བཀྲ་ཤིས་ཉི་མས་ནམ་ཡང་བསམ་བློ་གཏོང་བཞིན་པའི་ལས་དོན་ཞིག་ཡིན། བོད་ལྗོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་གློག་ཤུགས་འགན་སྲུང་མཁོ་འདོན་བྱས་ནས། ས་གནས་ཀྱི“ཁྲག་བཟོ”ནུས་བ་མཐོ་རུ་གཏོང་རྒྱུ་ནི་བཀྲ་ཤིས་ཉི་མའི་རེ་བ་ཉག་ཅིག་ཡིན།
2023ལོར། བཀྲ་ཤིས་ཉི་མ་སྔ་རྗེས་སུ་སྲིད་གཞུང་འབྲེལ་ཡོད་སྡེ་ཚན་དང་མཐོ་སློབ། གྲོང་གསེབ། ཁེ་ལས་དང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིའི་སྡེ་ཚན་སོ་སོར་བསྐྱོད་དེ་བོད་ལྗོངས་གྲོང་གསེབ་གློག་དྲ་འཛུགས་སྐྲུན་ཇུས་འགོད་དང་འཛུགས་སྐྲུན་ཐད་བརྗེ་རེས་ཞིབ་བསྡུར་སྤེལ་ནས། ཧུར་ཐག་གིས་འབྲེལ་ཡོད་སྲིད་ཇུས་རྒྱབ་སྐྱོར་བརྩོན་ལེན་གྱིས་བོད་ལྗོངས་ཀྱི་གྲོང་གསེབ་གློག་དྲ་འཐུས་ཚང་དུ་བཏང་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།
བཀྲ་ཤིས་ཉི་མས། བོད་ལྗོངས་གློག་དྲ་ཡིས་མགྱོགས་མྱུར་འཕེལ་རྒྱས་དུས་ཡུན་བསུས་བཞིན་ཡོད། ཅིན་ཧྲང་ནས་ཧུའུ་པེའི་ཆེས་མཐོ་གནོན་ཐད་རྒྱུག་གློག་འདོན་རྣམ་གྲངས་དང་། སྟོང་ཧྥུའུ500ལྷ་སའི་གློག་སྐྱེལ་གློག་སྒྱུར་རྣམ་གྲངས་སོགས་ཀྱི་གཙོ་གནད་རྣམ་གྲངས་རིམ་བཞིན་འཛུགས་སྐྲུན་མགོ་བརྩམས་པ་དང་། བོད་ལྗོངས་གློག་དྲའི་དྲ་རྒྱའི་སྒྲིག་གཞི་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་ནས་རྒྱལ་ཡོངས་དྲ་རྒྱ་གཙོ་བོ་དང་མུ་མཐུད་དུ་ཤུགས་སྣོན་པ་རེད། ཡིན་ཡང་བོད་ལྗོངས་ཀྱི་ས་ཁོངས་རྒྱ་ཆེ་ཞིང་རང་བྱུང་ཆ་རྐྱེན་རྙོག་འཛིང་ཆེ་བ། མཐའ་མཚམས་ས་ཁུལ་གྱི་ས་དབྱིབས་ཉེན་ཁ་ལྡན་པས། གློག་དྲ་འཛུགས་སྐྲུན་དང་འཁོར་སྐྱོད་སྲུང་སྐྱོང་བྱེད་དཀའ་ཞིང་གློག་དྲ་འཛུགས་སྐྲུན་མ་རྩ་མཐོ་བ། གྲོང་གསེབ་གློག་དྲའི་རྨང་གཞི་སྤྱི་ཆ་ནས་ཞན་པ་རེད།
བརྟག་དཔྱད་དང་བསམ་གཞིགས་བཏང་པ་བརྒྱུད། ཁོས་རྒྱང་རིང་ས་ཁུལ་དང་མཐའ་མཚམས་ས་ཁུལ་གྱི་གློག་འདོན་དཀའ་ངལ་ལྡན་པ་དང་གློག་འདོན་མ་རྩ་མཐོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན།
“ད་ལོར། ངས་བོད་ལྗོངས་གློག་དྲ་གཙོ་བོ་དང་གློག་དྲ་ཆུང་ངུ་མཉམ་འདྲེས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གྲོས་གཞི་བཏོན་པ་དང་། ཕྱོགས་སོ་སོས་མཉམ་དུ་སྟོབས་ཤུགས་བསྐྱེད་དེ་བོད་ལྗོངས་གྲོང་གསེབ་གློག་དྲའི་རིམ་པ་སྤར་དགོས”ཞེས་བཀྲ་ཤིས་ཉི་མས་དེ་ལྟར་བརྗོད།
རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།
འཕྲིན་སྟེགས། weikangba