རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་།

2024-03-06
704

图片

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སྐྱབས་མགོན་པདྨ་རིན་ཆེན་གྱིས་རིག་གནས་ཡུལ་སྐོར་སྟོབས་ལྡན་ཁུལ་བཙུགས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་ནུས་པ་འདོན་དགོས་ཞེས་གྲོས་གཞི་བཏོན། 

图片

 ལིའང་ཧྲན་ཁུལ་གྱི་ཡུལ་སྐོར་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ན་རྫོང་ཁོངས་ལ་རྐང་ཚུགས་ཤིང་། རྫོང་ཁོངས་ལ་ཕན་ཐོགས་དགོས། རིག་གནས་ཡུལ་སྐོར་སྟོབས་ལྡན་ཁུལ་འཛུགས་བསྐྲུན་ཡག་པོ་བྱས་པར་བརྒྱུད་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་མཐུན་རྐྱེན་བསྐྲུན་དགོས། 

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག སྐྱབས་མགོན་པདྨ་རིན་ཆེན་གྱིས་ལིའང་ཧྲན་རིག་གནས་ཡུལ་སྐོར་སྟོབས་ལྡན་ཁུལ་བཙུགས་ནས་རྫོང་ཁོངས་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་སྐོར་གྱི་གྲོས་གཞི་བཏོན་པ་རེད། གྲོས་གཞིའི་ནང་། སྐྱབས་མགོན་པདྨ་རིན་ཆེན་གྱིས༎ ལིའང་ཧྲན་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་འཛུགས་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་། ཡུལ་སྐོར་གྱི་ཞབས་ཞུའི་ནུས་པ་མཐོར་འདེགས་དང་རིག་གནས་ཡུལ་སྐོར་ཐད་ཀྱི་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ། དེ་མིན་ལིའང་ཧྲན་ཁུལ་གྱི་མཛེས་ཁུལ་གྱི་མིང་གྲགས་དང་མཚན་སྙན་ཇེ་གྲགས་ཡོང་བ་བཅས་བྱས་ནས། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མཐུན་རྐྱེན་སྐྲུན་དགོས་ཞེས་གྲོས་གཞི་བཏོན་པ་རེད། 

 ཀ་རིམ་པའི་ཡུལ་སྐོར་མཛེས་ཁུལ་རྒྱ་བསྐྱེད་ནས། ལིའང་ཧྲན་ཆེན་མོའི་ཁོངས་ཡོངས་དང་དུས་ངེས་ཀྱི་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་བསྐྲུན།  

ལིའང་ཧྲན་ནི་སི་ཁྲོན་དང་ཡུན་ནན་བར་དུ་གནས་པའི་མཚར་སྡུག་བཀྲ་བའི་མུ་ཏིག་ལྟ་བུ་ཞིག་རེད། ལྷོ་ནས་འབྲི་ཆུ་དང་འབྲེལ་ཞིང་བྱང་ནས་རྒྱལ་མོ་རྔུལ་ཆུ་དང་འབྲེལ། ཤར་ནས་སི་ཁྲོན་གཤོང་ས་དང་ཉེ་ཞིང་ནུབ་ནས་འཕྲེད་རྒྱུག་རི་རྒྱུད་དང་འབྲེལ་ཡོད་པས། ས་ངོས་ཆགས་ཚུལ་ཕུན་སུམ་ཚོགས་ཤིང་ཡུལ་ལྗོངས་ལྟ་ན་སྡུག མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་ལྗོངས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས། གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པས་ལིའང་ཧྲན་ཁུལ་དུ་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ལྡན་དུ་བཅུག 

ལིའང་ཧྲན་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྐོར་གླེང་དུས། སྐྱབས་མགོན་པདྨ་རིན་ཆེན་གྱིས། ལིའང་ཧྲན་ཁུལ་དུ་མཛེས་ཁུལ་བརྒྱ་དང་དྲུག་ཅུ་ལྷག་སྐར་ཚོགས་ལྟར་ག་ས་གང་དུ་ཁྱབ་ཡོད་དེ། རང་བྱུང་ཁམས་ཀྱི་མཛེས་ལྗོངས་འཚོལ་རྙེག་བྱེད་པའི་ཕྱི་རོལ་ཡུལ་ལ་དགའ་མཁན། ཡང་ན་མི་ཆོས་རིག་གནས་ལ་དགའ་ཞེན་ཆེ་བའི་རིག་གནས་ཀྱི་རྗེས་སྙེག་པ། ཡང་ན་གདོད་མའི་འཚོ་བ་ཉམས་ལེན་བྱ་རྒྱུ་ལ་ཡིད་སྨོན་བྱེད་པའི་ཡུལ་སྐོར་ཉེན་བགམ་པ་བཅས་གང་ཡིན་རུང་། ལིའང་ཧྲན་ཁུལ་གྱིས་ཡུལ་སྐོར་བ་ཡོངས་ལ་ཁྱད་དུ་འཕགས་པའི་ཡུལ་སྐོར་གྱི་ཚོར་སྣང་ཞིག་སྟེར་ཐུབ། 

  ད་ལོའི་དཔྱིད་གསར་དུས་ཆེན་རིང་། ལིའང་ཧྲན་ཁུལ་གྱི་རྫོང་དང་གྲོང་ཁྱེར་བཅུ་བདུན་གྱིས་བསྡོམས་པས་ཡུལ་སྐོར་བ་ས་ཡ་ལྔ་འབུམ་གསུམ་ཁྲི་གཅིག་སྟོང་བརྒྱད་དྲུག་བརྒྱ་སྣེ་ལེན་བྱས་ཡོད། ཡུལ་སྐོར་ཐད་བསྡོམས་པས་སྒོར་དུང་ཕྱུར་ཞེ་བཞི་དང་བྱེ་བ་བདུན་ས་ཡ་གསུམ་རག་ཡོད། འདིས་ཀྱང་སྐྱབས་མགོན་པདྨ་རིན་ཆེན་གྱིས་ལིའང་ཧྲན་ཁུལ་གྱི་ཡུལ་སྐོར་ལ་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཡོད་པའི་ཡིད་ཆེས་བརྟན་དུ་བཏང་། 

སྐྱབས་མགོན་པདྨ་རིན་ཆེན་གྱིས། ལིའང་ཧྲན་ཁུལ་ལ་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ལྡན་མོད། རེད་དེ་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་རྫས་དང་མཐུན་པའི་ཀ་རིམ་པ་ལྔའི་མཛེས་ཁུལ་མེད། སྤུན་ཟླའི་གྲོང་ཁྱེར་དང་ཁུལ་དང་བསྡུར་ན།  ལིའང་ཧྲན་ཁུལ་གྱི་ཀ་རིམ་པའི་ཡུལ་སྐོར་མཛེས་ཁུལ་གྱི་སྤུས་ཀ་དང་གྲངས་ཀ་ད་རུང་ཧེ་བག་ཆེན་པོ་ཡོད་པ་དང་། ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་ཀྱི་རྒྱབ་རྟེན་དཀོན་པས། རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་སྙན་གྲགས་ཞན་པ་དང་། ཡུལ་སྐོར་བའི་འགུག་ཤུགས་ཆུང་བ། མཚན་སྙན་མི་འདང་བ་བཟོས་ཡོད། ཁོང་གིས། ཞིང་ཆེན་རིམ་པ་ནས་ཕུའུ་ཀོ་རྫོང་གི་ལོ་ཅིས་རི་བོས་གཅིག་བསྡུས་འགག་སྒྲོལ་བྱས་ནས་ཀ་རིམ་པ་ལྔའི་མཛེས་ཁུལ་གཏོད་པའི་ལས་ཀར་རྒྱབ་སྐྱོར་བྱེད་དེ། ༢༠༢༦ ལོར་ཀ་ལྔ་རིམ་པའི་མཛེས་ཁུལ་མེད་པ་ནས་ཡོད་པ་བྱེད་དགོས། སྤྲོ་གསེང་གཏོང་བའི་ལས་རྣམ་འཐུས་ཚང་བཏང་ནས། ཡན་ཡོན་གྱི་ལུག་མགོ་མཚོ་དང་ཧུའེ་ལིའི་གནའ་གྲོང་དུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་སོགས་འཛུགས་སྐྱོང་བྱ་རྒྱུར་སྐུལ་དགོས། རིག་གནས་ཡུལ་སྐོར་གྱི་ཚོང་རྟགས་གྲགས་ཅན་གསར་འཛུགས་དང་། ཡུལ་སྐོར་གྱི་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་ནས། ཉེ་འགྲམ་གྱི་རྫོང་ཁོངས་དཔལ་འབྱོར་ལ་ཕན་ཐོགས་པ་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན་པ་རེད། 

 ཡུལ་སྐོར་ཞབས་ཞུའི་ལས་ཀ་ཡག་མོ་བསྒྲུབས་ནས། སྣ་མང་ཞབས་ཞུས་ཡུལ་སྐོར་བའི་རེ་བ་གསར་པ་སྐོང་དགོས། 

མིག་སྔར། རིག་གནས་ཡུལ་སྐོར་ཚོང་ར་དེ་ཁྱད་ཆོས་ཅན་དང་ཆེད་བཟོས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། སྐྱབས་མགོན་པདྨ་རིན་ཆེན་ལ་མཚོན་ན། སྤུས་མཐོའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་གྱིས་དགོས་མཁོ་གསར་པ་དེ་བས་མང་པོར་སྣེ་ཁྲིད་དང་གསར་གཏོད་བྱས་ནས། རྒྱ་ཆེའི་ཡུལ་སྐོར་བའི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་གཏོང་དགོས་པ་འདོད།  

སྐྱབས་མགོན་པདྨ་རིན་ཆེན་གྱིས། གཅིག་ནི་ཡུལ་སྐོར་མཛེས་ཁུལ་གྱི་ཞབས་ཞུ་ཇེ་ཡག་བཏང་ནས། རིམ་པ་མཐོ་བའི་ཡུལ་སྐོར་ལས་གཉེར་མི་སྣའི་གསོ་སྐྱོང་ནུས་ཤུགས་ཇེ་དྲག་གཏོང་དགོས། གཉིས་ནི་བྱེད་སྒོ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བ་བྱས་ཏེ། ནུས་ཤུགས་ཆེན་པོས་ཀྲུང་གོའི་སི་ཁྲོན་གྱི་མི་རིགས་རོལ་དབྱངས་གཟའ་འཁོར་དང་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྒྱུ་རྩལ་འདུ་ཚོགས་སོགས་ཀྱི་དུས་སྟོན་བྱེད་སྒོ་ལིའང་ཧྲན་ཁུལ་དུ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས། རྒྱལ་ཕྱི་ནང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤྱི་གཉེར་པ་དང་གཙོ་གཉེར་པ་སོགས་ལིའང་ཧྲན་ཁུལ་དུ་ལས་གཏོད་ཕེབས་པར་བཀུགས་ནས། ས་གནས་ཀྱི་མི་སེར་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་སྣེ་ཁྲིད་དགོས་ཞེས་གྲོས་གཞི་བཏོན་པ་རེད། 

 ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་གསར་པའི་ལམ་ཐིག་ཧྲིལ་པོ་ཤར་གཏོང་བྱུང་བ་དང་བསྟུན། ཁྱད་དུ་འཕགས་པའི་ས་ཁམས་གནས་ཡུལ་གྱིས་ལིའང་ཧྲན་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ལ་རྨང་གཞི་ཡག་མོ་བཏིངས། སྐྱབས་མགོན་པདྨ་རིན་ཆེན་གྱིས། ཡུལ་སྐོར་འགྲིམ་འགྲུལ་གྱི་ཞབས་ཞུ་སྔར་བས་ལེགས་སུ་གཏང་དགོས་པའི་གྲོས་གཞི་བཏོན། ཤིས་ཁྲང་ཆིང་ཧྲན་གནམ་ཐང་གིས་རྒྱལ་སྤྱིའི་སྒོ་འབྱེད་གྲུ་ཁའི་ཚད་གཞི་ལྟར་བསྐྱར་བསྐྲུན་དང་རྒྱས་བསྐྲུན་བྱས་ནས། ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཇེ་མང་གཏོང་བ་དང་མྱུར་ཚད་རིམ་སྤར། མེ་འཁོར་ཇེ་མང་བཏང་ནས། སི་ཁྲོན་ལྷོ་ཕྱོགས་ས་ཁོངས་རང་བཞིན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་དང་སི་ཁྲོན་དང་ཡུན་ནན། ཁྲུང་ཆིང་བཅས་ཀྱི་ཕྱོགས་གཉིས་སྒོ་འབྱེད་འགྲིམ་འགྲུལ་མ་ལག་འཛུགས་སྐྱོང་བྱེད་དགོས་པའི་གྲོས་གཞི་བཏོན་པ་རེད། 

 རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཚོང་གཉེར་གསར་གཏོད་བཏང་ནས་ཕྱོགས་མང་པོ་ནས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་གཏོང་དགོས། 

ཉེ་བའི་ལོར། ལིའང་ཧྲན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་སོང་ཡོད་ལ། དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་བའི་ཕན་འབྲས་འབུར་དུ་ཐོན་པས། ཡུལ་སྐོར་གྱི་མཚན་སྙན་ཀྱང་ཇེ་རྒྱས་སོང་ཡོད། ལིའང་ཧྲན་ཁུལ་དུ་དབྱར་ཁར་དྭངས་ཤིང་བསིལ་ལ། དགུན་ཁར་ཉི་མ་དྲོ་ཞིང་འཇམ་ཞེས་པའི་དྲིལ་བསྒྲགས་བརྙན་ཐུང་བརྒྱུད་ནས་མི་མང་པོས་ལིའང་ཧྲན་ཁུལ་ལ་རྒྱུས་ལོན་དང་དགའ་བསུ་ཐོབ་བཅུག་ཡོད། སྐྱབས་མགོན་པདྨ་རིན་ཆེན་གྱིས། ལིའང་ཧྲན་ཁུལ་ལ་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཡོད། ལིའང་ཧྲན་ཁུལ་གྱི་སྐད་གྲགས་དང་མཚན་སྙན་གྲགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ན་ད་རུང་རིག་གནས་ཡུལ་སྐོར་ཐད་ཀྱི་དྲིལ་བསྒྲགས་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད། དེར་དམིགས་ནས། ཁོང་གིས། ཤིས་ཁྲང་གི་ཁྱུང་ཧའེ་དང་ཡན་ཡོན་གྱི་ལུག་མགོ་མཚོ།  མེན་ཉིང་གི་ཡེ་ལེ། ལེ་པོའི་གཡང་གཟར་ཆེན་མོ། མུ་ལིའི་ཤམ་བྷ་ལའི་མཚེའུ་སོགས་མཛེས་ལྗོངས་ལྟ་ན་སྡུག་པའི་ས་ཁུལ་དུ་བརྙན་འཕྲིན་ཟློས་གར་དང་གློག་བརྙན་ཕབ་ལེན་བྱ་རྒྱུ་འགུག་གང་ཐུབ་བྱས་ནས། མུ་མཐུད་དུ་རིག་གནས་ཡུལ་སྐོར་མཉམ་འདྲེས་དང་ཡུལ་སྐོར་ཚོང་རྟགས་གྲགས་ཅན་དྲིལ་བསྒྲགས་སོགས་ཀྱི་ཐད་ནས་མུ་མཐུད་དེ་འབད་པ་བྱས་ཏེ། མི་སེར་རྣམས་གྱིས་ལྟ་ན་འདོད་ཅིང་ཉན་པར་དགའ་བའི་ནང་དོན་དེ་བས་མང་པོ་གསར་རྩོམ་དང་ཁྱབ་གདལ་བཏང་ནས། ལིའང་ཧྲན་ཁུལ་གྱི་རིག་གནས་ཡུལ་སྐོར་དང་འབྲེལ་བའི་གཏམ་རྒྱུད་ཡག་མོ་བརྗོད་དགོས་ཞེས་གྲོས་གཞི་བཏོན་པ་རེད། 

 གནས་ཚུལ་དངོས་དང་ཟུང་དུ་འབྲེལ་ནས་གྲོས་གཞི་ཡག་པོ་བཏོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་བྱས་ནས་བཟུང་། སྐྱབས་མགོན་པདྨ་རིན་ཆེན་གྱིས། ལོ་ཆུང་བྱིས་པའི་སེམས་ཁམས་བདེ་ཐང་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། བོད་འབྲེལ་ས་ཁུལ་གྱི་གཞུང་འཁོར་བཅོས་བསྒྱུར་བཅས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། རྟོག་ཞིབ་རབ་དང་རིམ་པ་བྱས་ཡོད། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག ཁོང་གིས་ད་རུང་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་གཏོང་བའི་སྐོར་གྱི་གྲོས་གཞི་དང་། ལོ་ཆུང་བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱས་ནས་མཉམ་དུ་བདེ་སྐྱིད་ཀྱི་མ་འོངས་སྲུང་པའི་སྐོར་གྱི་གྲོས་འགོ བོད་འབྲེལ་ས་ཁུལ་གྱིས་སྔ་ཙམ་ནས་གཞུང་འཁོར་བཅོས་བསྒྱུར་གྱི་ལས་ཀ་ལག་བསྟར་བྱེད་དགོས་པའི་སྐོར་གྱི་གྲོས་འགོ་བཅས་བཏོན་ཡོད། 


རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།

ཡིག་སྒྱུར། ཐུབ་བསྟན་ཟླ་བ།

ཞུ་ཆེན། མཁའ་འགྲོ་ཚེ་རིང་།

གཙོ་སྒྲིག་པ། ཡོན་ཏན།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།

  • 顶