
ཁྱིམ་སྲུང་བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱས་ནས་ལོ་ཆུང་གཞོན་ནུ་རྣམས་བདེ་ཐང་ངང་འཚར་ལོངས་ཡོང་བར་རོགས་སྐྱོར་བྱེད་དགོས།

མི་རིགས་ས་ཁུལ་གྱི་དགེ་རྒན་ཞིག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུའུ་ཡོན་ཞིག་ལ་གྱུར་བ་བཅས། རང་ལ་ཡར་ཐོན་དེ་འདྲ་རེ་རེ་བྱུང་ཚེ་སེམས་སུ་བཀའ་དྲིན་ཆེན་པོ་སྐྱེས་བྱུང་བས། བློ་གཅིག་སེམས་གཅིག་གིས་མི་རིགས་སློབ་གསོའི་བྱ་གཞག་བསྒྲུབས་ནས་རང་ཉིད་ཀྱི་ནུས་པ་ཕྲན་བུ་འབུལ་ཐུབ་ན་ད་གཟོད་མི་དམངས་ཚོའི་རེ་བཅོལ་སྟོང་ཟད་དུ་མི་འགྲོ་པར་འགན་འཁྲི་ལའང་ངོ་གནོང་མི་དགོས་ཞེས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུའུ་ཡོན་ཀའོ་ཅི་ལན་གྱིས་གསར་འགོད་པར་དེ་ལྟར་བཤད།

ཀའོ་ཅི་ལན་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་གི་སློབ་འབྲིང་གཉིས་པའི་དངོས་ཁམས་རིག་པའི་དག་རྒན་ཞིག་ཡིན་ལ། གཞི་རིམ་དུ་སློབ་གསོའི་ལས་ཀ་བསྒྲུབས་ནས་ལོ་ངོ་ཉི་ཤུ་ལ་ཟིན་ཡོད། ཀའོ་ཅི་ལན་སྲིད་གྲོས་ཨུའུ་ཡོན་དང་དགེ་རྒན་གྱི་འགན་ཡོད་པའི་ངོས་ནས་ཁོ་མོས་དེ་བས་ཀྱང་མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་སེམས་ཁུར་བྱེད་ཀྱིན་ཡོད་དེ། ཁོ་མོས་ལོ་གཅིག་གི་ཡར་སྔོན་དུ་རྒྱལ་ཡོངས་སྲིད་གྲོས་ཨུའུ་ཡོན་དུ་བདམས་པའི་སྤྲོ་ཉམས་རྣམས་དྲན་དུས་དེ་ནི་ཁ་སང་གི་དོན་དག་ཅིག་ཡིན་པའི་སྣང་བ་གསལ་ལྷུང་ངེར་འཆར་འདུག ཀའོ་ཅི་ལན་གྱི་གདོང་ལ་འཛུམ་ཞིག་ཁེངས་ཏེ་འགན་འཁུར་ནས་ལོ་གཅིག་གི་རིང་། ཐོག་མར་སྤྲོ་སྣང་དང་སེམས་ཁྲལ་མཐའ་མར་དཀའ་ངལ་དེ་དག་སྟོབས་ཤུགས་ཤིག་ལ་གྱུར་ཏེ། རྟོག་ཞིབ་ཇི་འདྲ་བྱེད། གྲོས་གཞི་ཇི་འདྲ་འབྲི་དགོས་པ་འདི་དག་ཚང་མ་སློབ་སྦྱོང་བྱེད་དགོས་པ་ཞིག་རེད་ཟེར། ཨུའུ་ཡོན་མིན་པའི་སྔོན་ལ་ཀའོ་ཅི་ལན་གྱིས་དགེ་རྒན་གྱི་ལས་འགན་ཁོ་ནར་འདང་རྒྱག་ན་ཆོག་ལ། ད་ལྟར་ཁོ་མོས་ལས་ཀ་ཚར་ཞོར་མུ་མཐུད་དུ་ལས་རིགས་གཞན་པའི་ཤེས་བྱ་ལ་སློབ་སྦྱོང་བྱེད་དེ་རང་གི་ཤེས་བྱ་བློ་གྲོས་ཇེ་ཡངས་སུ་གཏོང་ཞིང་ཉམས་མྱོང་ཡོད་པའི་ཨུ་ཡོན་ལའང་སློབ་སྦྱོང་བྱེད་བཞིན་ཡོད།

ཀའོ་ཅི་ལན་ཡོད་སའི་འབའ་ལུང་རྫོང་ནི་ལི་ཧྲུའུ་མི་རིགས་རང་སྐྱོང་རྫོང་ཞིག་ཡིན་ལ། མོའི་འཛིན་གྲྭའི་ནང་དུ་རྒྱ་རིགས་དང་ལི་ཧྲུའུ་རིགས།བོད་རིགས། འཇང་རིགས་སོགས་མི་རིགས་མང་པོའི་སློབ་མ་ཡོད་པས། རྒྱུན་པའི་སློབ་ཁྲིད་དང་སློབ་གསོའི་ནང་དུ་མོས་ཅི་ཐུབ་གང་ནུས་ཀྱིས་སློབ་གསོ་དང་སློབ་ཁྲིད་བྱེད་སྟངས་ལ་བརྟག་དཔྱད་ཞིབ་འཇུག་དང་སློབ་ཁྲིད་གྲ་སྒྲིག་ཡག་མོ་བྱས་ནས་སློབ་ཁྲིད་ཡག་མོ་་བྱེད་ཐོག་སློབ་ཁང་ནང་གི་དངོས་ཁམས་སློབ་ཁྲིད་སྤུས་ཀ་ཇེ་བཟང་བཏང་སྟེ། སློབ་མ་ཚོས་སྦྲོ་བ་བརྟར་ཞིང་བག་ཡངས་པོའི་སྒོས་དངོས་ཁམས་རིག་པའི་ཤེས་བྱར་བློས་སྦྱངས་ཐུབ་པ་དང་རང་མོས་སྒོས་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་ཏུ་ཆགས་བཅུག་པ་རེད།

ཀའོ་ཅི་ལན་གྱིས་གསར་འགོད་པ་ལ། ང་རང་དགེ་རྒན་ཞིག་ཡིན་པའི་ཆ་ནས་ཤེས་བྱ་རིག་པའི་རྟོགས་པ་མཐོ་དགོས་ལ།ལུས་སེམས་དྲང་མོས་དཔེ་སྟོན་བྱེད་དགོས་ནའང་དེ་ལས་གལ་ཆེ་བ་ཞིག་ནི་སློབ་མ་ཚོའི་ལུས་སེམས་འཚར་ལོངས་ལ་དོ་ཁུར་བྱས་ནས།སློབ་མ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་སློབ་སྦྱོང་དང་བློ་རིག་རྒྱས་ཤིང་བདེ་ཐང་ངང་འཚར་ལོངས་འགྲོ་ཐུབ་པར་བྱ་རྒྱུ་དེ་རེད་ཟེར། ད་ལོའི་ཚོགས་ཆེན་གཉིས་ནང་།མོ་ཡིས་ཁྱིམ་སྲུང་ཕྲུ་གུའི་སེམས་ཁམས་བདེ་ཐང་ཐད་སེམས་ཁུར་བྱེད་རྒྱུ་རེད་ལ། མོའི་ལྟ་ཚུལ་ལ།ཁྱིམ་སྲུང་ཕྲུ་གུའི་སེམས་ཁམས་ལ་གནད་དོན་བྱུང་རྐྱེན་ལ་རྙོག་འཛིང་མང་པོ་ཡོད་རུང་། གཙོ་བོར་ཁྱིམ་ཚང་དང་སློབ་གྲྭ དེ་མིན་སློབ་མ་རང་ཉིད་ཀྱི་ལུས་སེམས་བྱང་ཚད་བཅས་ལ་འབྲེལ་བ་ཆེན་པོ་ཡོད་པ་རེད། ཁྱིམ་ཚང་གི་ཁོར་ཡུག་བཟང་ངན་དེ་ཕྲུ་གུའི་སེམས་ཁམས་ཀྱི་བདེ་ཐང་ལ་ཐད་ཀར་ཤུགས་རྐྱེན་ཐེབ་ཀྱིན་ཡོད་ལ། ཁྱིམ་ཚང་འཇགས་མོ་འཚམས་པོ་ཡིན་ན་ཕྲུ་གུའི་སེམས་ཁམས་གནད་དོན་ཅུང་ཉུང་ཉུང་ཡིན་པ་དང་། དེ་ལྟར་མིན་ན་སེམས་ཁམས་ལ་སྐྱོན་ཕོག་སླ་མོ་རེད།

ཀའོ་ཅི་ལན་གྱིས་ད་དུང་ཁྱིམ་སྲུང་ཕྲུ་གུའི་ཕ་མ་རྣམས་ཡུན་རིང་པོར་ས་ཆ་གཞན་པར་ལས་ཀར་སོང་བས།ཕྲུ་གུ་རྣམས་ཁྱིམ་ནང་གི་རྒན་རྒོན་ཚོ་ལ་འཚོ་བཅུག་པས།དེའང་གནད་དོན་འབུད་པའི་རྐྱེན་ཆེན་པོ་ཞིག་རེད་ཟེར། ཁྱིམ་སྲུང་ཕྲུ་གུ་ལ་ཕ་མའི་གཅེས་སྐྱོང་གིས་མི་འདང་བ་དང་།ཕ་མ་བུ་རྒྱུད་བར་གྱི་བརྩེ་དུང་དང་སེམས་གསོ་མེད་པས། ཕྲུ་གའི་སེམས་ནང་སྲན་མི་ཐུབ་ཅིང་ དཀའ་ངལ་དང་འཕྲད་ཚེ་དུས་ཐོག་ཏུ་ཐག་གཅོད་མཁན་དང་བཤད་ས་འདྲ་མེད་ན། དུས་ཡུན་རིང་སོང་ན་ཕྲུ་གུ་ལ་རང་གཤིས་ངན་པ་ཆགས་པར་ཟད་སློབ་སྦྱོང་ལའང་སུན་སྣང་སྐྱེ་དོག་རེད།

ཀའོ་ཅི་ལན་གྱིས་བལྟས་ན།ཁྱིམ་ལ་གནས་སྐབས་ཆ་རྐྱེན་དེ་འདྲ་མ་འདང་ན། སློབ་གྲྭ་དང་དགེ་རྒན་ནི་ཁྱིམ་སྲུང་ཕྲུ་གུའི་སེམས་ཁམས་བདེ་ཐང་གནད་དོན་ཐག་གཅོད་མཁན་དང་སློབ་གསོ་བྱེད་མཁན་ཡིན་པས།སེམས་ཁམས་བདེ་ཐང་སློབ་གསོ་དང་ཁྱིམ་ཚང་སློབ་གསོ་ཟུང་འབྲེལ་བྱེད་དེ་གྲོང་གསེབ་སློབ་གྲྭའི་སེམས་ཁམས་བདེ་ཐང་སློབ་གསོ་ཇེ་ལེགས་གཏོང་དགོས། དགེ་རྒན་གྱིས་ཆེད་དུ་ཕན་པ་ཆེ་བའི་སེམས་ཁམས་སློབ་ཚན་བཀོད་སྒྲིག་བྱས་ནས། རིམ་བཞིན་ཁྱིམ་སྲུང་ཕྲུ་གུའི་མི་གཤིས་གསོ་སྐྱོང་བྱ་རྒྱུ་དེ་གལ་ཆེ།
མི་དམངས་དགེ་རྒན་དང་སྲིད་གྲོས་ཨུ་ཡོན་ཡིན་པའི་ངོས་ནས་ཕྲག་ཏུ་ལྗིད་ཏིག་ཏིག་གི་ལས་འགན་ཞིག་དང་གཟི་བརྗིད་ལྡན་པའི་འགན་འཁྲི་ཞིག་བླངས་ཡོད།རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་པ་འཚོག་རན་པས་ཀའོ་ཅི་ལན་ལ་ཤིན་ཏུ་ནས་ཀྱང་་དགའ་སྤྲོ་སྐྱེ་བཞིན་ཡོད་ལ། ང་རང་གིས་ངེས་པར་དུ་སྤྲོ་སྣང་ཆེན་པོས་ཚོགས་འདུར་ཞུགས་ནས་ཚོགས་ཆེན་གྱི་དགོངས་དོན་ལ་ཉན་རྒྱུ་དང་། ཚོགས་འདུ་གྲོལ་རྗེས་དུས་ཐོག་ཏུ་ཚོགས་ཆེན་གཉིས་ཀྱི་དགོངས་དོན་རྣམས་མཐོ་སྒང་གི་མི་སེར་ཚོར་ཁྱབ་བསྒྲགས་བྱས་ནས། གྲངས་ཉུང་མི་རིགས་དགེ་རྒན་ཞིག་གི་ལས་འགན་འགྲུབ་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། མཚོ་ལྷ།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། འཆི་མེད་དབང་མོ།
འཕྲིན་སྟེགས། weikangba