
ཟླ3པའི་ཚེས3ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རྣམས་ཁ་སང་པེ་ཅིན་དུ་འབྱོར།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས3ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་རྣམས་ཁ་སང་པེ་ཅིན་དུ་འབྱོར་ཏེ་ལས་འགན་སྒྲུབ་པའི་བཞུད་ལམ་གསར་བར་ཞུགས་མགོ་བརྩམས།
པེ་ཅིན་དུ་འགྲོ་བའི་ལམ་བར་དུ་འཐུས་མི་རྣམས་ལ་ཡིད་ཆེས་དང་སྤྲོ་སེམས་ཀྱིས་ཁེངས་ཏེ་ལ་ལས་རྒྱུ་ཆ་ལྟ་ཞིབ་བྱས་ནས་རང་ཉིད་ཀྱི་གྲོས་གཞི་འཐུས་ཚང་དུ་བཏང་པ་དང་། ལ་ལས་ཕན་ཚུན་བར་བགྲོ་གླེང་བྱས་ཏེ་བསམ་བློ་བརྗེ་རེས་བྱས། ད་དུང་ལ་ལས་བཅར་འདྲི་དང་ལེན་བྱས་ནས་རང་ཉིད་ཀྱི་སེམས་གཏམ་གླེང་བར་བྱས། ཁོང་ཚོས་ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་པ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་དམིགས་འབེན་གྱི་ལས་འགན་མངོན་འགྱུར་བྱུང་བའི་གནད་འགག་གི་ལོའང་ཡིན་པས། ཚོགས་ཆེན་གཉིས་ལེགས་པོར་འཚོགས་པ་ལ་དོན་སྙིང་གལ་ཆེན་ལྡན་པས་ཐེངས་འདིའི་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་ལས་འགན་ལེགས་པོར་བསྒྲུབས་ཏེ་ཕ་ཡུལ་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏོང་མི་རུང་ལ། མང་ཚོགས་ཀྱི་སེམས་གཏམ་ཚོགས་ཆེན་གྱི་སྟེང་ནས་བཤད་དེ་མཚོ་སྔོན་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱ་རྒྱུ་ཡིན་ཟེར།
སྡེ་ཁུལ་གྱི་ལས་དོན་པའི་འཐུས་མི་ལིའུ་ཞའོ་རུང་གིས་བདག་ལ་མཚོན་ན་ད་ལོ་ནི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྟེང་ལ་ཞུགས་ཐེངས་གཉིས་པ་ཡིན། སེམས་ཁམས་ཧ་ཅང་སྐྱིད་པོ་ཡིན་པའི་ཞོར་དུ་རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་ལའང་སྔར་བས་ངོས་ཟིན་གསལ་བོ་བྱུང་ཡོད། ང་ཚོས་ཀུན་གྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་འཐུས་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་མི་དམངས་ཀྱི་མགྲིན་ཚབ་པ་ལྟ་བུ་བྱས་ནས་མི་དམངས་མང་ཚོགས་ཀྱི་རེ་འདུན་དང་སེམས་གཏམ་ཚོགས་ཆེན་གཉིས་ཀྱི་སྟེང་ནས་བཤད་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་ལྷུག་པོར་བརྗོད་ཅིང་མཚོ་སྔོན་གྱི་གཏམ་བཟང་སྔར་བས་མང་པོ་ཞིག་བརྒྱུད་སྒྲོག་བྱ་རྒྱུ་ཡིན་ཟེར།
འཐུས་མི་ཞུས་ཆིན་མིན་གྱིས་ལོ་ངོ་གཅིག་རིང་ལས་འགན་སྒྲུབ་པ་དང་གྲོས་ཚོགས་སྔོན་ལ་བཅར་འདྲི་དང་རྟོག་ཞིབ་བྱས་པ་དང་། དེ་མིན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་འཐུས་མིའི་གཅིག་བསྡུས་ལྟ་ཞིབ་ལ་ཞུགས་པ་བརྒྱུད་དེ་བདག་གིས་ལས་རིགས་མི་འདྲ་བའི་ཁྲོད་ཀྱི་ཉམས་མྱོང་དང་མང་ཚོགས་ཀྱི་འབོད་སྒྲ་མི་ཉུང་བ་ཞིག་ཤེས་སོང་བས། ངས་གྲོས་གཞི་བཟང་བོ་དེ་དག་ཚོགས་ཆེན་གཉིས་ཀྱི་སྟེང་བཤད་དེ་རང་ཉིད་ཀྱི་ལས་འགན་ལེགས་པོར་བསྒྲུབས་ནས་མཛེས་སྡུག་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་བ་རྩོམ་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།
དཔྱིད་ཟླ་ར་བའི་བསིལ་རླུང་དལ་གྱིས་ལྡང་བྱུང་བས་རེ་བ་གསར་བ་ཞིག་ཀྱང་ཡུན་གྱིས་ང་ཚོར་ཉེ་བར་བཅར་བཞིན་འདུག ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་རེ་བ་དང་འདུན་པ་སེམས་སུ་བཅངས་ཏེ་མཚོ་སྔོན་གྱི་འཐུས་མི་ཚོས་འགན་འཁྲི་དང་དུ་བླངས་ཤིང་བློ་རྩེ་གཅིག་སྒྲིམ་གྱིས་ཚོགས་ཆེན་གཉིས་ལེགས་པོར་འཚོགས་ཏེ་མཚོ་སྔོན་གྱི་འཐུན་མིའི་སྣང་བརྙན་བཟང་བོ་མངོན་པར་བྱ་རྒྱུ་རེད། །
འཕྲིན་སྟེགས། weikangba