རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས།

ས་གཞི་ཆེན་མོར་དཔྱིད་ཀྱི་དཔལ་ཡོན་བཞད། ལས་སྒོ་གསར་པའི་ཚ་རླབས་དགུང་དུ་འཕྱུར། ཟླ་བ་གསུམ་པའི་ཚེས་ལྔ་ཉིན་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་གཟབ་རྒྱས་ངང་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སུམ་སྟོང་ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བཅངས་ནས། རྒྱལ་ས་པེ་ཅིན་དུ་འཛོམས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཁྱོན་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་པ་མཉམ་དུ་བསྐྲུན་ཆེད་དཔའ་ངར་ཆེར་བསྐྱེད་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་དོན་ལྔ་འཁོར་བའི་ལོ་ཡིན་པ་དང་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་དམིགས་འབེན་ལས་འགན་འགྲུབ་དགོས་པའི་འགག་རྩའི་ལོ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ། སྟོབས་ཤུགས་གཅིག་བསྡུས་དང་དཀའ་སྤྱད་འབད་བརྩོན། གསར་འབྱེད་ཡར་བསྐྱེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེའི་བྱ་གཞག་ལེགས་པར་བསྒྲུབ་དགོས། རྒྱ་ཆེའི་འཐུས་མི་མི་དམངས་ཀྱི་ཁྲོད་ནས་ཐོན་པ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པའི་དགེ་མཚན་འདོན་སྤེལ་དང་། མི་དམངས་ཀྱི་འདོད་བློ་བསྡུ་ལེན། མི་དམངས་ཀྱི་བློ་གྲོས་གཅིག་བསྡུས་བཅས་བྱས་ཏེ་རང་འགན་ལེགས་པར་སྒྲུབ་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་སྐུལ་སློང་བྱེད་པར་རེ་སྒུག་བྱས་ཡོད།

ཚེས་༥ཉིན་གྱི་སྔ་དྲོའི་ཆུ་ཚོད་༩པའི་ཐོག རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པ་མི་དམངས་ཚོགས་ཁང་ཆེ་མོའི་ནང་འགོ་ཚུགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་གནང་བའི་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གསན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་༢༠༢༣ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་༢༠༢༤ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ་དང་༢༠༢༤ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་མ་ཟིན་བཅས་ལ་ཞིབ་བཤེར་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་༢༠༢༣ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་༢༠༢༤ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ་དང་། ༢༠༢༤ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་མ་ཟིན་ལ་ཞིབ་བཤེར་བྱས་པ། རྒྱལ་ཡོངས་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་གནང་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་བཟོ་བཅོས་མ་ཟིན་སྐོར་གྱི་གསལ་བཤད་ལ་ཉན་པ་རེད། ཕྱི་དྲོར། འཐུས་ཚབ་ཚོགས་པ་ཁག་གིས་ཚང་འཛོམས་གྲོས་ཚོགས་འཚོག་ནས། སྲིད་གཞུང་གི་ལས་དོན་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཡིག་སྒྱུར། ལྷ་མོ་བཀྲ་ཤིས།
ཞུ་ཆེན། མཁའ་འགྲོ་ཚེ་རིང་།
གཙོ་སྒྲིག་པ། ཡོན་ཏན།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
འཕྲིན་སྟེགས། weikangba