ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།
ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་ཁྱབ་ཁོངས་སོ་སོའི་མཉམ་ལས་སྐུལ་འདེད་ལ་འབད་བརྩོན་བྱས་པར་བསྟོད་བསྔགས་བྱས་པ་དང་། འབུམ་རམས་པ་ཅི་ཞིན་ཀི་ལ་བྱ་དགའ་ཐོབ་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། འཛམ་གླིང་གི་རྒྱལ་ཁབ་ཆེན་མོ་གཉིས་ཡིན་པའི་ཆ་ནས། ཀྲུང་ཨས་ཡང་དག་པའི་འབྲེལ་འདྲིས་བགྲོད་ལམ་གཏན་འཁེལ་བྱེད་ཐུབ་མིན་དེ་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་མདུན་ལམ་ལས་དབང་ལ་རེག་ལས་པ་ཡིན། ཀྲུང་གོས་ཕན་ཚུན་བརྩི་བཀུར་དང་ཞི་བདེ་མཉམ་གནས། མཉམ་ལས་གཉིས་རྒྱལ་གྱི་རྩ་དོན་གསུམ་ལ་གཞིགས་ཏེ། ཨ་མེ་རི་ཁ་དང་མཉམ་དུ་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས། འགལ་ཟླར་འགོག་སྡོམ་འོས་འཚམ་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏོད་པ་དང་། ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་དར་རྒྱས་ཀྱིས་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་པ་དང་འཛམ་གླིང་ལ་ཕན་ཁེ་བསྐྲུན་དགོས། ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་ཀྱིས་མུ་མཐུད་དུ་ཀྲུང་ཨའི་འབྲེལ་བར་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བ་ལ་སྐུལ་འདེད་གཏོང་བར་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།
ཉིན་དེར། ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་གྱིས་ཀྱང་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་བྱ་དགའ་སྤྲོད་པའི་དགོང་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས། །