
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞོད་འགོག་ད་སྐྱོབ་ལས་ཀར་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས། ཉེ་ཆར། ཁྲུང་ཆིང་སོགས་ས་ཆ་ལ་དྲག་ཆར་བབས་ནས། ཆུ་བོ་མང་པོར་ཉེན་ཟོན་ཆུ་གནས་ལས་བརྒལ་བའི་ཆུ་ལོག་བྱུང་བ་དང་། རི་ཉིལ་ཞིང་འདམ་རྡོ་ཆུ་བཤལ་རྒྱུགས་པ་སོགས་ས་གཤིས་གནོད་འཚེ་བྱུང་ནས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་ཚབས་ཆེན་བཟོས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། མིག་སྔར་རྒྱལ་ཡོངས་སུ་བདུན་སྨད་བརྒྱད་སྟོད་ཞོད་འགོག་ལས་ཀ་འགག་རྩ་ལ་སླེབས་ཡོད། གཙང་པོ་དང་ཆུ་བོ་འབབ་རྒྱུད་ཆེན་པོ་བདུན་ཚང་མ་ཆུ་རྒྱས་དུས་ལ་སླེབས་ཡོད་ལ། འབྲི་ཆུ་དང་། ཧུའེ་ཧོ་གཙང་པོ། ཐའེ་ཧུའུ་མཚེའུ། དེ་མིན་སུང་ཧྭ་གཙང་པོ་དང་ལིའོ་ཧོ་ཆུ་བོ་སོགས་འབབ་རྒྱུད་དུ་ཆུ་ལོག་གི་ཉེན་ཁ་ཆེན་པོ་འདུག་པས། རྒྱལ་ཁབ་ཞོག་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། བབ་བསྟུན་དོ་དམ་པུའུ། ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་མཐུན་སྦྱོར་ཇེ་དྲག་བྱེད་པ་དང་། གྲོས་མོལ་ཞིབ་གཅོད་ཇེ་དྲག་གཏོང་བ། ལྟ་སྐུལ་ཚད་ལེན་དང་སྔོན་བརྡ་ལས་ཀ་ཡག་པོ་བྱེད་པ། ས་གནས་གཙོ་བོས་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་དང་། ཆུ་མཛོད་འབྲིང་ཆུང་གི་ཉེན་ཁ། གྲོང་ཁྱེར་ནང་ཁུལ་དུ་ཆུ་འཁྱིལ་བ་སོགས་གནོད་འཚེ་སྔོན་འགོག་ལས་ཀར་མཛུབ་སྟོན་ཁྲིག་ཁྲིག་བྱས་ནས། ནུས་ཤུགས་ཡོད་དགུས་གནོད་སེལ་མྱུར་སྐྱོབ་བྱེད་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས། རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ཞོད་འགོག་རྒུད་སྐྱོབ་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བབ་བསྟུན་ལས་རེས་ཇེ་དྲག་གཏོང་བ་དང་ཡུལ་དངོས་ནས་བཀོད་འདོམས་བྱེད་པ། མི་དམངས་གཙོ་བོར་འཛིན་པ་དང་། ཚེ་སྲོག་བླ་མེད་རྒྱུན་འཁྱོངས་བྱེད་པ། ས་གཞི་སྲུང་བའི་འགན་ཡོད་ལ། ས་གཞི་སྲུང་བར་འགན་ཁུར་བ། ས་གཞི་སྲུང་བར་འགན་ཡང་དག་འཁུར་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་གོ་གནས་དང་པོར་བཞག་སྟེ་གྱོང་གུན་གང་བྱུང་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
འཕྲིན་སྟེགས། weikangba