ཞི་ཅིན་ཕིང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ནང་དུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་།

2023-07-05
611

  ཟླ་བདུན་པའི་ཚེས་བཞི་ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིན་དུ་གཟུགས་ལམ་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གསུམ་པའི་ནང་དུ་ཞུགས་པར་མ་ཟད། དམ་བཅའ་ཡིད་ལ་འཛིན་པ་དང་འགན་འཁྲི་ཕྲག་ཏུ་ཁུར་བ། མཐུན་སྒྲིལ་རོགས་རེས་རྒྱུན་འཁྱོངས་བྱས་ནས་འཕེལ་རྒྱས་སྔར་ལས་ཆེན་པོ་མངོན་འགྱུར་ཡོང་བར་བྱེད་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་ལོ་བཅུའི་སྔོན་དུ། འཛམ་གླིང་དང་དུས་རབས།ལོ་རྒྱུས་བཅས་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་སྐབས་སུ། ངས་མིའི་རིགས་སའི་གོ་ལ་གཅིག་ཏུ་འཚོ་གནས་བྱས་ཡོད་པས། ཚང་མ་གཅིག་ལ་གཅིག་བརྟེན་དང་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་རེད་ཅེས་བཤད་ཡོད། ལོ་ངོ་བཅུའི་རིང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། འདུ་ཤེས་བྱ་སྤྱོད་ལ་བསྒྱུར་བ་དང་རེ་བའི་མདུན་ལྗོངས་དངོས་སུ་འགྲུབ་བཞིན་ཡོད། གོ་རིམ་འདིའི་ཁྲོད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་བཞིན་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཧྲང་ཧའེའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་བྱེད་བཞིན་ཡོད། ང་ཚོས་ཕན་ཚུན་རོགས་རམ་དང་སྐྱིད་སྡུག་མཉམ་མྱོང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་གྱི་ཁེ་ཕན་གཙོ་བོར་སྲུང་སྐྱོང་དང་རྒྱབ་སྐྱོར་བྱས་ནས། རང་རང་སོ་སོའི་འཕེལ་རྒྱས་བགྲོད་ལམ་ཐོག་ཡིད་རྟོན་རུང་བའི་རོགས་ཟླར་གྱུར་ཡོད། ང་ཚོས་ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། ཕྱོགས་སོ་སོའི་ལུགས་མཐུན་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ།  རིགས་འདྲ་མིན་གྱི་སྲོལ་རྒྱུན་བདེ་འཇགས་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་འགྲན་སློང་ལ་གཅིག་གྱུར་འཆར་འགོད་དང་ཁ་གཏད་བཅལ་ནས། ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།

ང་ཚོས་གསར་གཏོད་དང་མཐུན་སྦྱོར། འབགས་མེད། སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཛིན་བྱེད་པ་དང་། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཁྱབ་ཁོངས་མཉམ་ལས་ཐད་ཀྱི་གྲོས་འགོ་འབྲེལ་མཐུད་བྱས་ནས། རྒྱལ་ཁབ་སོ་སོའི་དཔལ་འབྱོར་མཐུན་སྦྱོར་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱེད་དགོས། ང་ཚོས་ཁྱིམ་མཚེས་མཛའ་མཐུན་གྱི་སྙིང་སྟོབས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། དཔལ་ཡོན་འདྲ་མཉམ་དང་ཕན་ཚུན་མིག་དཔེ་འཛིན་རྒྱུ་དང་ཁ་བརྡ་ཁོག་ཡངས་རྒྱུན་འཁྱོངས་བྱས་ནས། དཔལ་ཡོན་མི་འདྲ་བ་ཞི་བདེ་མཉམ་གནས་དང་འཆམ་མཐུན་མཉམ་གནས་ཡོང་བའི་གྲོས་འགོ་འདོན་དགོས། ང་ཚོས་རྒྱལ་སྤྱིའི་འདྲ་མཉམ་དང་དྲང་བདེན་ལ་འགན་སྲུང་བྱེད་པ་དང་། བཙན་དབང་དང་བཙན་རྒོད་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ། ཁ་བརྡ་གྲོས་མོལ་བྱེད་པ་ལས་ངོ་རྒོལ་མི་བྱེད་པ་དང་རོགས་ཟླ་སྒྲིག་པ་ལས་མནའ་འབྲེལ་མི་བྱེད་པའི་རོགས་ཟླའི་འབྲེལ་བ་བཙུགས་ནས། འཛམ་གླིང་ཞི་བདེ་བརྟན་བརླིང་གཏོང་བའི་ཡར་རྒྱས་ཀྱི་སྟོབས་ཤུགས་ཇེ་ཆེར་བཏང་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། དེང་སང་གི་འཛམ་གླིང་ལ་འཕོ་འགྱུར་དང་ཟང་ཟིང་མཉམ་དུ་བྱུང་ཞིང་། ལོ་བརྒྱའི་འགྱུར་ལྡོག་ཇེ་ཆེ་ཇེ་མགྱོགས་ཡིན་པས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔོན་བྱུང་མ་མྱོང་བའི་འགྲན་སློང་དང་འཕྲད་ཡོད། དེར་བརྟེན་མཐུན་སྒྲིལ་དང་ཁ་བྲལ། ཞི་བདེ་དང་འཁྲུག་རྩོད། ཡང་ན་མཉམ་ལས་བྱ་དང་འགལ་ཟླ་གཏོང་། དེ་དག་ཐམས་ཅད་དུས་རབས་ཀྱི་གནད་དོན་ལ་གྱུར་ཡོད། དེར་ངའི་དྲིས་ལན་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྐྱིད་འཚོ་བར་རེ་སྙེག་བྱེད་པ་ནི་ང་ཚོའི་འདུན་པ་ཡིན་ལ། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་ཁེ་བཅས་ཀྱི་དུས་རབས་ཀྱི་འཕེལ་ཕྱོགས་ནི་ཟློག་ཐབས་བྲལ་བས། ང་ཚོས་དུས་རབས་ཀྱིས་ང་ཚོར་སྤྲད་པའི་འགན་འཁྲི་ལྗིད་མོ་ཕྲག་ཏུ་འཁུར་དགོས་པ་དང་། དམ་བཅའ་དང་འགན་འཁྲི་ཡིད་ལ་དམ་པོར་འཛིན་པ། མཐུན་སྒྲིལ་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་གཏན་འཁེལ་རང་བཞིན་དང་དགེ་མཚན་ལྡན་པའི་ནུས་པ་དེ་བས་མང་པོ་འདོན་དགོས།དང་པོ། ཡང་དག་པའི་ཁ་ཕྱོགས་ཡང་དག་འཛིན་ཞིང་མཐུན་སྒྲིལ་དང་ཕན་ཚུན་བར་གྱི་ཡིད་རྟོན་ཇེ་དྲག་གཏོང་དགོས། ང་ཚོས་བཀོད་པ་ཆེན་པོ་གཙིགས་སུ་འཛིན་པ་དང་། ལས་འགན་དང་འགན་འཁྲི་ཕྲག་ཏུ་འཁུར་བ། འགལ་རྐྱེན་སྣ་ཚོགས་བསལ་ན། ཁོངས་གཏོགས་རྒྱལ་ཁབ་ཁག་གི་བདེ་འཇགས་དང་འཕེལ་རྒྱས་ཐད་ཀྱི་ཁེ་ཕན་ཡག་མོ་འགན་སྲུང་ཐུབ་པ་དང་མངོན་འགྱུར་ཡག་མོ་བྱུང་ཐུབ་པ་དོན་དངོས་ནས་བདེན་དཔང་བྱུང་ཡོད། འཐབ་ཇུས་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་ཤུགས་ཇེ་དྲག་གཏོང་བ་དང་། ཁ་བརྡ་བྱེད་པར་བརྟེན་ནས་འགལ་ཟླ་མེད་པར་བཟོ་རྒྱུ་དང་། མཉམ་ལས་ལ་བརྟེན་ནས་འགྲན་རྩོད་ལས་རྣམ་པར་རྒྱལ་འཇུག་དགོས་ཏེ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་ཐུགས་འཁུར་ཆེན་པོ་བྱས་དང་བྱེད་བཞིན་པའི་གནད་དོན་མཐོང་ཆེན་པོ་བྱེད་དེ། བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་འཕེལ་རྒྱས་དང་དར་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། ས་ཁུལ་གྱི་སྤྱི་ཁོག་དང་ཕུགས་རིང་གི་ཁེ་ཕན་ལ་གཞིགས་པ་དང་།   རང་བཙན་རང་བདག་གིས་ཕྱི་ཕྱོགས་སྲིད་ཇུས་གཏན་ལ་ཕབ་ནས། རང་རེའི་རྒྱལ་ཁབ་འཕེལ་རྒྱས་ཡར་རྒྱས་གཏོང་བའི་མདུན་ལམ་དང་ལས་དབང་རང་གི་ལག་ཏུ་དམ་པོར་འཛིན་དགོས།

གཉིས་པ། ས་ཁུལ་ཞི་བདེ་སྲུང་སྐྱོང་བྱས་ནས་ཐུན་མོང་བདེ་འཇགས་འགན་སྲུང་བྱེད་དགོས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་བདེ་འཇགས་ཀྱི་འབོད་སྐུལ་ལག་བསྟར་བྱེད་པ་དང་། གླེང་མོལ་ལ་བརྟེན་ནས་རྒྱལ་ཁབ་བར་གྱི་འགལ་བ་ཞི་འཇགས་བྱེད་པ་རྒྱུན་འཁྱོངས་དང་། ཆབ་སྲིད་ལ་བརྟེན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་དོ་སྣང་ཆེ་བའི་གནད་དོན་ཐག་བཅད་ནས། ས་ཁུལ་བདེ་འཇགས་ཀྱི་སྲུང་ཡོལ་ཇེ་བརྟན་གཏོང་འདོད་ཡོད། རྩ་འཛུགས་འདིའི་བདེ་འཇགས་མཉམ་ལས་ཀྱི་ཆུ་ཚད་མཐོར་འདེགས་དང་། ཐུའུ་ཅུའེ་སི་ཐན་ཤར་མ་སོགས་ཚོགས་ངན་གསུམ་དང་། དུག་རྫས་ལྐོག་འཚོང་། དྲ་བ་དང་རྒྱལ་ཁོངས་བརྒལ་བའི་རྩ་འཛུགས་ནག་ཉེས་ལ་རྡུང་རྡེག་ནན་མོ་བྱས་ནས། གཞི་གྲངས་བདེ་འཇགས་དང་སྐྱེ་དངོས་བདེ་འཇགས། ཕྱི་ཕྱོགས་བར་མཐོངས་བདེ་འཇགས་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དགོས། མུ་མཐུད་དེ་ཨབ་གྷིན་སི་ཐན་གྱི་ཉེ་འཁོར་རྒྱལ་ཁབ་ཀྱི་མཐུན་སྦྱོར་མཉམ་ལས་ནང་རྐྱེན་སོགས་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ནས། ཨབ་གྷིན་སི་ཐན་ཞི་བདེའི་ལམ་དུ་ཡང་བསྐྱར་ཞུགས་ཐུབ་པར་མཐུན་རྐྱེན་བསྐྲུན་དགོས།

གསུམ་པ། དོན་གཉེར་མཉམ་ལས་ལ་དམིགས་ནས་དཔལ་འབྱོར་མགྱོགས་མྱུར་སླར་གསོ་བྱེད་དགོས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་འབོད་སྐུལ་ལག་བསྟར་བྱེད་པ་དང་། དཔལ་འབྱོར་འཛམ་གླིང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།སྲུང་སྐྱོང་རིང་ལུགས་དང་ཕྱོགས་གཅིག་བཀག་སྡོམ། སྤྱི་ཁྱབ་ཅན་གྱི་རྒྱལ་ཁབ་བདེ་འཇགས་གོ་དོན་བཅས་ལ་ངོ་རྒོལ་བྱེད་པ་དང་། འགོག་ར་ཇེ་ནན་བཏང་ནས་སྲུང་སྐྱོང་དང་མཁོ་འདོན་མ་ལག་གི་འབྲེལ་ཐག་བཅད་པར་ངོ་རྒོལ་བྱེད་པ། གཉིས་ཁེ་མཉམ་ཕན་གྱི་བྱ་བ་ཆེན་འབད་པས་བསྒྲུབས་ནས།འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་ལས་མང་ཞིང་འདྲ་མཉམ་སྒོས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཐོགས་པར་བྱེད་དགོས། ཕྱོགས་སོ་སོས་སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་རྩེ་འཛོམས་གླེང་སྟེགས་ནང་ཞུགས་པར་དགའ་བསུ་ཞུ། འཛམ་གླིང་ལ་ཕན་བདེ་བསྐྲུན་པའི་བདེ་སྐྱིད་ཀྱི་ལམ་བུ་དེ་སྔར་ལས་རིང་ཞིང་ཡངས་པ་འདིང་དགོས། ཀྲུང་གོས་རྩ་འཛུགས་དེའི་རྒྱལ་ཁབ་ཀྱི་དངུལ་ལོར་རྩིས་རྒྱག་ཚད་རྒྱ་སྐྱེད་པ་དང་། རྩ་འཛུགས་དེའི་གསར་སྤེལ་དངུལ་ཁང་འཛུགས་པའི་གྲོས་གཞི་བཏོན་པ་རེད།

བཞི་པ། སྤེལ་རེས་དང་དཔེ་སྟོན་ལ་ཤུགས་རྒྱག་པ་དང་དམངས་སེམས་གཅིག་མཐུན་ཡོང་བར་བྱེད་དགོས། ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་འཛམ་གླིང་དཔལ་ཡོན་འབོད་སྐུལ་ལག་བསྟར་བྱེད་པ་དང་། དཔལ་ཡོན་མི་འདྲ་བའི་བར་ཁོག་ཡངས་དང་མཉམ་གནས་བྱེད་པ་དང་རྒྱལ་ཁབ་སོ་སོའི་མི་དམངས་མཛའ་ཞིང་མཐུན་པར་བྱེད་དགོས།  སློབ་གསོ་དང་ཚན་རྩལ། རིག་གནས་དང་འཕྲོད་བསྟེན། ལུས་རྩལ་དང་སྨྱན་སྦྱོར་སོགས་ཁྱབ་ཁོངས་ནང་མཉམ་ལས་ཟབ་མོ་བྱེད་དགོས། མ་འོངས་པའི་ལོ་གསུམ་རིང་ལ། ཀྲུང་གོས་རྩ་འཛུགས་འདིའི་རྒྱལ་ཁབ་ལ་རྒྱལ་སྤྱིའི་རྒྱ་ཡིག་དགེ་རྒན་གྱི་སློབ་རོགས་བྱ་དགའ་ཐོབ་ཚད་སྟོང་གཅིག་དང་། རྒྱ་ཡིག་འབྲེལ་ཟམ་གྱི་དབྱར་དུས་གསོ་སྦྱོང་བྱེད་ཚད་སྟོང་གསུམ་མཁོ་འདོན་བྱེད་པ་དང་། ན་གཞོན་ཚན་རིག་པ་བརྒྱ་ཀྲུང་གོ་རུ་ཚན་རིག་ཞིབ་འཇུག་སྤེལ་རེས་ནང་ཞུགས་པར་གདན་འདྲེན་ཞུ་བ་ཡིན། ལྔ་པ། ཕྱོགས་མང་རིང་ལུགས་ལག་ལེན་དང་འཛམ་གླིང་བཅོས་སྐྱོང་འཐུས་ཚང་གཏོང་དགོས། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་འཛིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་གཞི་བྱེད་པའི་རྒྱལ་སྤྱིའི་གོ་རིམ་སྲུང་སྐྱོང་བརྟན་པོ་གཏོང་ཞིང་། བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་དང་། འཛམ་གླིང་བཅོས་སྐྱོང་དེ་ལས་དྲང་བདེན་ལུགས་མཐུན་ཕྱོགས་ལ་འཕེལ་རྒྱས་སྐུལ་འདེད་གཏོང་བ། མུ་མཐུད་དུ་ཁེ་དབང་འདྲ་མཉམ་དང་གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་གཏོང་བར་མཉམ་དུ་འབད་ནས་མིའི་རིགས་སྤྱི་ཚོགས་དེང་རབས་ཅན་དང་། མཉམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་འཛམ་གླིང་འཕེལ་རྒྱས་ཀྱི་བྱས་རྗེས་འཇོག་མཁན། རྒྱལ་སྤྱིའི་གོ་རིམ་སྲུང་སྐྱོང་བྱེད་མཁན་བྱེད་དགོས་ཞེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས། མིག་སྔར་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག  ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་བཞིན་ཡོད། ང་ཚོས་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དང་ཚུན་པའི་འཛམ་གླིང་རྒྱལ་ཁབ་སོ་སོར་འཕེལ་རྒྱས་གོ་སྐབས་གསར་པ་བསྐྲུན་ནས་དེ་ལས་སྐྱིད་པའི་འཛམ་གླིང་འཛུགས་བསྐྲུན་བྱེད་འདོད་ཅེས་གསུངས།

མཇུག་མཐར་ཞི་ཅིན་ཕིང་གིས། ལམ་ཆེར་འགྲོ་ན་གྲོགས་པོ་མང་། མཉམ་པོས་བསྐྱོད་ན་ཕུགས་ཐག་རིང་།  ཧྲང་ཧའེའི་མཉམ་ལས་རྩ་འཛུགས་ཀྱིས་དེང་རབས་ཀྱི་འཕེལ་འགྲོས་དང་ མིའི་རིགས་ཡར་རྒྱས་ཀྱི་ཁ་ཕྱོགས་དང་བསྟུན་ན། ང་ཚོས་ཐུན་མོང་འབད་པ་ལས་རྒྱུན་མི་ཆད་པར་འཕེལ་རྒྱས་ཆེན་པོ་ཐོབ་ངེས་ཞེས་པའི་ནན་གསུང་གནང་བ་རེད།

ཚོགས་ཞུགས་འགོ་ཁྲིད་པས་ཧྲང་ཧའེའི་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཀྱི་གྲུབ་འབྲས་འབུར་ཐོན་ལ་དཔྱད་བརྗོད་གང་ལེགས་གནང་ཞིང་། ཨི་རན་དངོས་སུ་ཧྲང་ཧའེའི་མཉམ་ལས་རྩ་འཛུགས་ནང་ཞུགས་པར་དགའ་བསུ་དང་། བྷེ་ལ་རུ་སུ་ཧྲང་ཧའེའི་མཉམ་ལས་རྩ་འཛུགས་ནང་ཞུགས་པའི་གོ་རིམ་མགྱོགས་ཙམ་འགྲུབ་ཐུབ་པར་རེ་སྒུག་བྱེད་བཞིན་ཡོད། ཕྱོགས་སོ་སོས་ཧྲང་ཧའེའི་མཉམ་ལས་རྩ་འཛུགས་རྒྱུན་མི་ཆད་པར་དར་རྒྱས་ཆེན་པོ་དང་། རྒྱལ་སྤྱིའི་སྙན་གྲགས་མུ་མཐུད་དུ་ཇེ་ཆེར་འགྲོ་བས། ཁྱིམ་མཚེས་མཛའ་མཐུན་དང་ཁོངས་ཞུགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་། ས་ཁུལ་དང་འཛམ་གླིང་ཡུན་རིང་ཞི་བདེ་བརྟན་བརླིང་དང་། རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ནས། ཕན་ཚུན་ཡིད་ཆེས་དང་འདྲ་མཉམ་ཁ་བརྡ། གཉིས་ཁེ་མཉམ་ལས་བཅས་ཀྱི་དཔེ་བཟང་དུ་འགྱུར་བཞིན་ཡོད། མུ་མཐུད་དུ་ཧྲང་      ཧའེའི་མཉམ་ལས་རྩ་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་དང་། ཕན་ཚུན་གུ་ཡངས་དང་གཞོགས་འདེགས་ཇེ་དྲག  ས་ཁུལ་དཔལ་འབྱོར་མཉམ་ལས་སྐུལ་སྤེལ་གཏོང་བ། བསམ་བློའི་འདུ་ཤེས་ཁ་གཏད་ལ་ངོ་རྒོལ་དང་། ཁ་བྲལ་དང་མཐོང་ཆུང་ལ་ངོ་རྒོལ་བྱེད་དགོས། ས་ཁུལ་མཉམ་འབྲེལ་མཉམ་མཐུད་དང་བགྲོད་ལམ་ཆེན་པོ་འཛུགས་བསྐྲུན་ཇེ་དྲག་གཏོང་བ་དང་། རྒྱུད་ཅིག་ལམ་གཅིག་གྲོས་འགོ་ཡོ་རོབ་དང་ཡ་གླིང་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་དང་སྦྲེལ་མཐུད་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། ནུས་ཁུངས། ཚན་རྩལ། ཁོར་སྲུང་། ཨང་ཀིའི་དཔལ་འབྱོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་མཉམ་ལས་ཟབ་སྤེལ་ལ་རྒྱབ་སྐྱོར་བྱས་ནས། ལག་གདང་སྦྲེལ་ནས་འབྲུ་རིགས་དང་ནུས་ཁུངས་ཉེན་ཁ། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་ཡོངས་ཀྱི་འགྲན་སློང་ལ་ཁ་གཏད་འཇལ་དགོས།

མཉམ་དུ་འཇིགས་སྐུལ་རིང་ལུགས་སོགས་ཚོགས་ངན་གསུམ་ལ་རྡུང་རྡེག་བཏང་ནས། ས་ཁོངས་བདེ་འཇགས་བརྟན་སྲུང་བྱེད་དགོས། སྣ་མང་རིང་ལུགས་ཡང་དག་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་ཁྲིད་ཀྱི་ནུས་པར་རྒྱབ་སྐྱོར་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་ཤུགས་རྒྱག་དགོས་ཞེས་བཤད།

ཁོངས་ཞུགས་རྒྱལ་ཁབ་ཀྱི་དབུ་ཁྲིད་པས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་བརྡལ་ལན་གསར་པའི་བསྒྲགས་གཏམ་ལ་མིང་རྟགས་བཀོད་ནས་ཁྱབ་བསྒྲགས་བྱས་པ་དང་། མཉམ་དུ་ཐལ་དྲག་ཅན་ལ་རྡུང་རྡེག་བྱེད་པར་མཉམ་ལས་ཀྱི་གསལ་བསྒྲགས་དང། ཨང་ཀི་ཅན་དུ་ལུགས་སྒྱུར་བྱེད་པའི་ཁྱབ་ཁོངས་མཉམ་ལས་ཀྱི་གསལ་བསྒྲགས་སོགས་ཁྱབ་བསྒྲགས་བྱས་ནས། ཨི་རན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ནང་ཞུགས་པའི་སྐོར་དང་། བྷེ་ལ་རུ་སི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འོས་འགན་དྲན་ཐོར་མིང་རྟགས་འགོད་པའི་སྐོར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས༢༠༣༠ལོའི་བར་གྱི་དཔལ་འབྱོར་འཕེལ་རྒྱས་འཐབ་ཇུས་སྐོར་སོགས་ཆོད་ཡིག་དུ་མ་ལ་ཆོག་མཆན་གནང་བ་རེད།

གྲོས་ཚོགས་ཐོག ཧ་སག་སི་ཐན་གྱིས་༢༠༢༣ལོ་ནས་༢༠༢༤ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་བ་ཐག་བཅད།

ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞི་རྒྱལ་ཁབ་རྒྱ་གར་གྱི་ཙུང་ལི་མོ་ཏི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལོ་ཧྥུའུ། ཕ་ཀི་སི་ཐན་གྱི་ཙུང་ལི་ཤར་པ་ཙི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན། ཐ་ཇིག་སི་ཐན་ཀྱི་ཙུང་ཐུང་ལ་ཧོ་མོན། ཨུ་ཟ་བྷེ་ཁི་སི་ཐན་ཀྱི་ཙུང་ཐུང་མེ་ཨར་ཅི་ཡེ་ཧྥུ། ལྟ་ཞིབ་རྒྱལ་ཁབ་བྷེ་ལ་རུ་སིའི་ཙུང་ཐུང་ལུའུ་ཁཱ་ཧྲེན་ཁེ། ཨི་རན་གྱི་ཙུང་ཐུང་ལའེ་ཞི། སོག་པོ་རྒྱལ་ཁབ་ཀྱི་ཙུང་ཐུང་ཧུའུ་རི་ལེ་སུའུ་ཧི། ཀྲུའུ་ཞི་རྒྱལ་ཁབ་ཀྱི་སྐུ་མགྲོན། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་ཁོངས་འཇིགས་སྐུལ་ལ་རྒོལ་བའི་ལས་ཁུངས་ཀྱི་ལས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སོགས་རྒྱལ་སྤྱི་དང་ས་ཁོངས་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ནང་ཞུགས།

ཚའེ་ཆི་དང་ཝང་དབྱི་སོགས་གྲོས་ཚོགས་སུ་ཞུགས་པ་རེད།

  • 顶