ཞི་ཅིན་ཕིང་གིས་ཧུའུ་ནན་ཡའོ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡུལ་ཚོ་ཐོན་པེ་གྲོང་ཚོའི་ཐོན་ཀྲོའུ་ཡོན་ཏུང་ཐེན་མཚེའུ་ཡི་ཆུ་རགས་ཤོར་བར་མཛུབ་སྟོན་གལ་ཆེན་གནང་ནས།

2024-07-08
1076

ཞི་ཅིན་ཕིང་གིས་ཧུའུ་ནན་ཡའོ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡུལ་ཚོ་ཐོན་པེ་གྲོང་ཚོའི་ཐོན་ཀྲོའུ་ཡོན་ཏུང་ཐེན་མཚེའུ་ཡི་ཆུ་རགས་ཤོར་བར་མཛུབ་སྟོན་གལ་ཆེན་གནང་ནས།  ནུས་ཤུགས་ཡོད་རྒུས་རྒུད་སྐྱོབ་བྱ་བ་ལེགས་པོར་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།  


ཟླ7ཚེས5ཉིན་གྱི་ཕྱི་དྲོ། ཧུའུ་ནན་ཡའོ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡུལ་ཚོ་ཐོན་པེ་གྲོང་ཚོའི་ཐོན་ཀྲོའུ་ཡོན་ཏུང་ཐེན་མཚེའུ་ཡི་ཆུ་རགས་ཤོར་ནས་ཐོན་ཀྲོའུ་ཡོན་ཁུལ་ཆུས་བསྣུབས་པ་དང་། ཡུལ་དངོས་ཀྱི་གནོད་ཐེབས་མང་ཚོགས་བདེ་འཇགས་ངང་གནས་སྤར།

གནོད་འཚེའི་ཉེན་ཁ་བྱུང་རྗེས།  ཕྱི་རྒྱལ་དུ་འཚམས་འདྲིར་ཕེབས་བཞིན་པའི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་མཛད་པར་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས། ཧུའུ་ནན་ཡའོ་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཡོན་ཏུང་ཐེན་མཚེའུ་ཡི་ཆུ་རགས་ཤོར་བར་དུས་ཐོག་ཏུ་གནས་སྤོར་དང་བཀོད་སྒྲིག་འོས་འཚམ་བྱས་ཏེ་ཉེན་ཁ་མྱུར་སྐྱོབ་བྱ་བ་སྤེལ་ནས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པ་དང་། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་བྱ་བའི་ཚན་ཆུང་མངགས་ནས་མཛུབ་སྟོན་བྱ་བར་ཤུགས་སྣོན་བྱེད་དགོས་ཞེས་གསུངས། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ཁྱོན་ཡོངས་ནས་ཆུ་ལོག་ཆེ་བའི་དུས་སྐབས་གཙོ་བོར་སླེབས་པ་ནས་བཟུང་། ས་ཆ་ཁག་ཅིག་ལ་ཆར་བ་ཆེན་པོ་བབས་པ་དང་ཆར་བ་འབབ་པའི་དུས་ཡུན་རིང་བར་མ་ཟད། ཞོད་འགོག་གི་རྣམ་པ་དེ་ཛ་དྲག་ཆེ་བ་དང་། ལྷག་པར་དུ་ཆུ་རགས་ལ་ཆུའི་སླད་སྐྱོན་ཕོག་པའི་དུས་ཡུན་རིང་དྲགས་ན་སྦུག་འཕྱུར་སོགས་ཀྱི་ཉེན་ཁའི་གནས་ཚུལ་འབྱུང་སླ་བས་ཉེན་ཁའི་རྐྱེན་ངན་ཆེ་ཙམ་འདུག  འབྲེལ་ཡོད་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་སོ་སོས་མྱུར་དུ་བྱ་སྤྱོད་སྤེལ་ནས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཞོད་འགོག་ ཉེན་སེལ་གྱི་བྱ་བ་སྒྲུབ་ནས།  ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁར་ཞིབ་བཤེར་བྱེད་པར་ཤུགས་སྣོན་བྱས་ཏེ། ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ནས་ཞོད་འགོག་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ཉེན་སེལ་ཐག་གཅོད་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་སྒྲུབ་པ་དང་། ཉེན་ཁའི་གནས་ཚུལ་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། དུས་མཚུངས་སུ་ཆུ་རགས་དང་ཆུ་རགས་ཀྱི་སྐོར་ཞིབ་འགོག་སྲུང་ལ་ཤུགས་སྣོན་བྱེད་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཞིབ་བཤེར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་སྔོན་བརྡའི་ཉེན་བརྡ་གཏོང་བ་དང་། གྲོས་མོལ་ཞིབ་འཇུག་དང་བརྡར་ཤ་གཅོད་པར་ཤུགས་སྣོན་བརྒྱབ་སྟེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཞོད་འགོག་ཉེན་སེལ་གྱི་བྱ་བ་སོ་སོ་ཡག་པོར་བསྒྲུབ་པར་མཛུབ་ཁྲིད་དང་ལྟ་སྐུལ་བྱས་ཏེ། ཆུ་ལོག་ཆེ་བའི་དུས་ཚིགས་བདེ་འཇགས་ངང་སྐྱེལ་ཐུབ་པར་འགན་ལེན་ནུས་ལྡན་བྱེད་དགོས།

ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལིས་ཆང་གི་བླང་བྱ་གཞིར་བཟུང་ནས། རྒྱལ་ཁབ་ཞོད་འགོག་ཐན་སེལ་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། ཆུ་བེད་པུའུ། འཕྲལ་སྡོམ་དོ་དམ་པུའུ་བཅས་ཀྱིས་བྱ་བའི་ཚན་ཆུང་ཡུལ་དངོས་སུ་སོང་ནས་བྱ་བར་མཛུབ་སྟོན་བྱས།  ཧུའུ་ནན་ཞིང་ཆེན་དང་ཡའོ་དབྱང་གྲོང་ཁྱེར་གྱི་ཏང་སྲིད་འགན་འཁུར་བློ་མཐུན་གྱིས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་བྱ་བར་བཀོད་འདོམས་བྱས་ནས། མིག་སྔར་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་པའི་སྒང་རེད།

གཡང་འབུམ་རྒྱལ་གྱིས་བསྒྱུར། 

  • 顶