
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་ཨ་སི་ཐ་ན་ནས་ཟླ་7ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ལ་མ་ཞུགས་གོང་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་བ་5པར་ང་ཚོས་ཤིས་ཨན་དུ་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་ནས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་མང་པོ་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་ཐུན་མོང་གི་ངོས་འཛིན་དེ་དག་དོན་འཁྱོལ་ནུས་ལྡན་བྱུང་བ་དང་ཀྲུང་གོ་དང་ཁེར་གྷི་སི་ཐན་མཉམ་ལས་ཀྱི་གཏམ་བཟང་ཡང་ཡང་ཁྱབ་ཅིང་། གཉེན་ཉེ་ཡག་པོ་དང་ཁྱིམ་མཚེས་ཡག་པོ་ཞིག་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ཁེར་གྷི་སི་ཐན་ཞིག་མཐོང་འདོད་ཡོད་པས་ཁེར་གྷི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱ་རྒྱུར་སྔར་རྒྱུན་བཞིན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་ཁེར་གྷི་སི་ཐན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་གཉིས་པོས་བསམ་ཕྱོགས་གསར་འབྱེད་བྱས་ཏེ་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་ཚོང་དོན་མ་འཇོག་མཉམ་ལས་རྒྱ་ཆེར་གཏོང་བ། ཕན་ཚུན་མཉམ་སྦྲེལ་མཉམ་མཐུད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མའི་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་གྱི་སྤུས་ལེགས་ལྗང་མདོག་ཞིང་ལས་ཐོན་རྫས་དེ་བས་མང་བ་ནང་འདྲེན་བྱེད་པ་དང་། ཀྲུང་གོའི་མ་འཇོག་ཁེ་ལས་ཁེར་གྷི་སི་ཐན་དུ་མ་འཇོག་ལས་གཉེར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ནུས་རྒྱུ་གསར་པའི་རླངས་འཁོར་དང་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་ཁེར་གྷི་སི་ཐན་གྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས་དང་། ཀྲུང་གོའི་རིག་གནས་ལྟེ་གནས། ལུའུ་པན་བཟོ་ཁང་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་གོ་དང་ཁིར་གྷི་སི་ཐན་གྱི་མཛའ་གྲོགས་མཉམ་ལས་ཀྱི་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཁེར་གྷི་སི་ཐན་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་མུ་མཐུད་ལེགས་སུ་དང་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་དང་མཐུན་པའི་ཡང་དག་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུའི་འགན་ལེན་བྱེད་འདོད་ཡོད།
ཀྲ་ཕཱ་ལུའོ་ཧྥུའུ་ཡིས་ན་ནིང་ཟླ་5པར་ངས་ཀྲུང་གོར་འཚམས་འདྲིར་ཡོང་པ་ཡིད་ལ་གསལ་པོར་ངེས་ཀྱི་འདུག་ལ་འཚམས་འདྲི་བྱེད་ཐེངས་དེས་ཁེར་གྷི་སི་ཐན་དང་ཀྲུང་གོའི་འབྲེལ་བའི་དུས་རབས་གསར་པ་བཏོད་ཡོད། མིག་སྔར་ཁེར་གྷི་སི་ཐན་དང་ཀྲུང་གོའི་ཆབ་སྲིད་འབྲེལ་བ་ཆུ་ཚད་མཐོ་བའི་ངང་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་སྡེ་ཚན་ཁག་དབར་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཐུབ་པ། ས་གནས་ཀྱི་སྤེལ་རེས་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཕྱོགས་གཉིས་པོའི་ཚོང་དོན་མ་འཇོག་བརྟན་པོའི་ངང་འཕར་བ་བཅས་རེད། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བའི་མདུན་དུ་ཁེར་གྷི་སི་ཐན་དང་ཀྲུང་གོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་སྲ་ཞིང་བརྟན་པ་དང་རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཀྱི་མི་མཐུན་པའི་ཆ་དང་མཉམ་ལས་ཀྱི་འགོག་རྐྱེན་གང་ཡང་མེད། ཁེར་གྷི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་ཁེར་གྷི་སི་ཐན་དུ་མ་འཇོག་བྱེད་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཁེར་གྷི་སི་ཐན་གྱི་ལྕགས་ལམ་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འཕྲིན་སྟེགས། weikangba