
ས་གནས་དེ་གའི་ཟླ་བ་བདུན་པའི་ཚེས་གསུམ་ཉིན་གྱི་ཉིན་གུང་ལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་སི་ཐ་ནའི་ཙུང་ཐུང་ཕོ་བྲང་དུ་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་དང་གྲོས་མོལ་གནང་རྗེས་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་བ་རེད། ཞི་ཅིན་ཕིང་གིས། འདི་ནི་ང་རང་ཁྱིམ་མཚེས་རྒྱལ་ཁབ་ཧ་སག་སི་ཐན་དུ་འཚམས་འདྲི་ཐེངས་ལྔ་པ་ཡིན་ལ། ཟླ་བ་དགུ་འགོར་རྗེས་ཡང་བསྐྱར་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་དང་ཐུག་འཕྲད་གནང་བ་ཡིན། ད་ཅི་ཙུང་ཐུང་ཐོ་ཁ་ཡེ་ཧྥུའུ་ང་གཉིས་མཛའ་བརྩེ་ཟབ་མོ་དང་གྲུབ་འབྲས་གཡུར་དུ་ཟ་ཐོབ་པའི་གྲོས་མོལ་གནང་ནས་གཅིག་མཐུན་ངོས་འཛིན་གང་མང་བྱུང་ཞིང་། མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མ་འོངས་མཉམ་ལས་ཀྱི་ཁ་ཕྱོགས་གཙོ་བོ་ལ་འཆར་འགོད་བྱས་ཤིང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་དང་སྡེ་ཁག་བར་གྱི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་ལ་བདེན་དཔང་བྱས་ཡོད། དེའི་ནང་དཔལ་འབྱོར་ཉོ་ཚོང་དང་མཉམ་འབྲེལ་མཉམ་མཐུད། ནུས་ཁུངས། ཞིང་ལས། ཚན་རྩལ།མི་ཆོས་རིག་གནས་སོགས་ཁྱབ་ཁོངས་གལ་ཆེན་འདུས་ཡོད་པས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་སྤུས་མཐོའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྐྲུན་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་ལོ་ངོ་སྟོང་ཕྲག་སྔོན་གྱི་གནའ་བོའི་དར་སྐུད་ཚོང་ལམ་ལས་བྱུང་བ་དང་། དེ་ནས་ཕྱི་འབྲེལ་ལོ་སོ་གཉིས་རིང་གི་གཉིས་ཁེ་མཉམ་ལས་ལས་གྲུབ་ཆགས་པས། ནམ་ཕུགས་རིང་བའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོན་པོར་སླེབས་ཡོད་ལ། དུས་རབས་མང་བའི་མཛའ་མཐུན་དང་ཕན་ཚུན་ཡིད་ཆེས་ཟབ་མོ། སྐྱིད་སྡུག་མཉམ་མྱོང་བཅས་ནི་ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་ཀྱི་དབྱངས་རྟ་གཙོ་བོར་གྱུར་ཡོད། མ་འོངས་པར་ཕྱོགས་ནས་ང་ཚོས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་དང་ཁྱོན་ཡོངས་མཉམ་ལས་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཆེན་པོ་ཡོད།ང་ཚོས་མཐའ་གཅིག་ཏུ་ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀ་རང་ཉིད་འཕེལ་རྒྱས་དར་རྒྱས་ཀྱི་འགག་རྩ་ལ་ཐུག་ཡོད་པ་ལ་དེང་རབས་ཅན་གྱི་བགྲོད་ལམ་ཐོག་གི་གྲོགས་པོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་ཡག་པོ་དར་སྤེལ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་འཁྱོངས་ཤིང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བར་མ་ཆད་པ། མཐའ་གཅིག་ཏུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བཅས་བྱས་ནས། ཕན་ཚུན་སྐྱབས་བཅོལ་དང་ཡིད་ཆེས་ཆོག་པའི་རྒྱབ་རྟེན་བརྟན་པོ་བཟོ་དགོས་པའི་ངོས་འཛིན་ཐོབ་ཡོད། ང་ཚོས་སྤུས་མཐོའི་ངང་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དོན་གཉེར་མཉམ་ལས་ལ་གྲུབ་འབྲས་གསར་པ་མང་པོ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་སྔ་ཙམ་ནས་ཕྱོགས་གཉིས་ཉོ་ཚོང་ཚད་ལྡབ་ཀྱིས་འཕར་བའི་དམིགས་འབེན་གསར་པ་གཏན་ཁེལ་བྱས་ཤིང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཐོན་ནུས། ཕན་ཚུན་འབྲེལ་ཐར། ནུས་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཇེ་ཟབ་གཏོང་བ། དཔལ་འབྱོར་ཉོ་ཚོང་མཉམ་ལས་འཕེལ་རྒྱས་ཀྱི་ལག་ལེན་ལམ་ཐིག་རི་མོ་ལག་ལེན་ཡག་མོ་བྱ་རྒྱུ་དང་། ཐོན་ནུས་མཉམ་ལས་ལས་གཞི་མང་པོར་རྩ་བ་རྒྱས་ཤིང་གྲུབ་འབྲས་ཐོབ་དགོས། ལི་མཚོ་བརྒལ་བའི་རྒྱལ་སྤྱིའི་སྐྱེལ་འདྲེན་ལམ་ཐིག་དང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྒྱལ་ཁོངས་བརྒལ་བའི་ལྕགས་ལམ་གསུམ་པ་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས། ཕྱོགས་གཉིས་ཀྱིས་ད་དུང་ཐུན་མོང་སྒོས་གཏེར་ཁ་དང་ནུས་ཁུངས་གསར་པ། ཚན་རྩལ་གསར་གཏོད། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཨང་ཀིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ནང་མཉམ་ལས་ཐད་འཕར་སྣོན་བྱུང་ས་གསར་པ་གསོ་སྐྱོང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དོན་གཉེར་མཉམ་ལས་རྒྱུན་ཆད་མེད་པར་སྤུས་མཐོ་དང་རིམ་འཕར་བྱ་དགོས། ང་ཚོས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་རིག་གནས་ལྟེ་གནས་དང་པེ་ཅིན་སྐད་ཡིག་སློབ་ཆེན་གྱི་ཧ་སག་སི་ཐན་ཡན་ལག་སློབ་གྲྭར་སྒོ་བྱང་བཀལ་བའི་མཛད་སྒོའི་ནང་ཞུགས་ཡོད་ལ། འདི་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཇེ་ཟབ་འགྲོ་བའི་ཡིད་ཆེས་ཡོད། ཀྲུང་གོས་ཧ་སག་སི་ཐན་དུ་ལུའུ་པན་བཟོ་ཁང་གཉིས་པ་འཛུགས་རྒྱུའི་གཏན་ཁེལ་བྱས་པ་དང་། སང་ལོར་ཧ་སག་སི་ཐན་དུ་ཀྲུང་གོའི་ཡུལ་སྐོར་ལོའི་བྱེད་སྒོ་སྤེལ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འཕྲིན་སྦྱོར་དང་རིག་མཛོད། གློག་བརྙན་བརྙན་འཕྲིན་སོགས་ཁྱབ་ཁོངས་ནང་མཉམ་ལས་རྒྱ་སྐྱེད་པ་དང་། ཞིང་ཆེན་དང་ཁུལ། གྲོང་ཁྱེར་བཅས་མཉམ་ལས་ཡག་པོ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་དམངས་ཀྱི་འདོད་བློའི་རྨང་གཞི་ཇེ་བརྟན་གཏོང་བའི་སྐུལ་སློང་བྱེད་པ་ཡིན། ང་ཚོས་རྒྱལ་སྤྱིའི་བྱ་གཞག་ཐད་ནས་མཐུན་སྦྱོར་ཟབ་མོ་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་ནང་རྐྱེན་སོགས་ཕྱོགས་མང་རྩ་འཛུགས་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་རམ་འདེགས་བྱས་ནས། མཉམ་དུ་འཛམ་གླིང་འཕེལ་རྒྱས་ཀྱི་གྲོས་འགོ་དང་འཛམ་གླིང་བདེ་འཇགས་ཀྱི་གྲོས་འགོ འཛམ་གླིང་དཔལ་ཡོན་གྱི་གྲོས་འགོ་བཅས་ལག་ལེན་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་གུ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་དེ་མིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོང་བྱེད་རྒྱུ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོས་ཧ་སག་སི་ཐན་ནི་བྷོད་གསེར་རྒྱལ་ཁབ་ཀྱི་མཉམ་ལས་ནང་རྐྱེན་ནང་ཞུགས་པར་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་སྟེགས་བུའི་ཐོག་སྟོབས་ལྡན་རྒྱལ་ཁབ་འབྲིང་རིམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ། འཛམ་གླིང་བཅོས་སྐྱོང་ཐད་རང་གི་དགོས་ངེས་བྱས་རྗེས་འཇོག་དགོས། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཡིན་ལ། ཧ་སག་སི་ཐན་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་འགན་ཁུར་རིང་དུ། ས་ཁོངས་མཉམ་ལས་ལ་སྐུལ་འདེད་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས། སང་ཉིན་གྱི་ཨ་སི་ཐ་ནའི་རྩེ་འཛོམས་གྲོས་ཚོགས་བདེ་བླག་ངང་མཇུག་རྫོགས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་སྔར་ལས་མཐོར་འདེགས་གཏང་བའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཐའོ་ཁ་ཡེ་ཧྥུའུ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམ་འདྲི་ལ་དམིགས་བསལ་གྱི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པས། ཧ་སག་སི་ཐན་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོར་འཕེལ་རྒྱས་འགྲོ་བའི་འགོ་འཛུགས་ས་གསར་པ་རུ་འགྱུར་རྒྱུ་རེད། ཀྲུང་གོ་ནི་ཧ་སག་སི་ཐན་གྱི་མཛའ་མཐུན་ཁྱིམ་མཚེས་དང་དུས་གཏན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླ་ཡིན་ལ། ཧ་སག་སི་ཐན་དང་ཀྲུང་གོའི་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལ་ཐག་གཅོད་མ་ཐུབ་པའི་གནད་དོན་ཅི་ཡང་མེད། ལོ་རྒྱུས་ཐོག ཀྲུང་གོས་ནམ་ཡང་ཧ་སག་སི་ཐན་གྱི་ཁེ་ཕན་ལ་གནོད་འཚེ་བཏང་མ་མྱོང་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་བརྟན་ཞིང་འགྱུར་བ་མེད་པས་མི་རབས་ནས་མི་རབས་ལ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ནི་ཧ་སག་སི་ཐན་ཕྱོགས་ཀྱི་ཉོ་ཚོང་རོགས་ཟླ་ཆེས་ཆེན་པོ་དང་ཕྱི་ཡོང་དངུལ་གཏོང་རྒྱལ་ཁབ་ཆེས་གལ་ཆེན་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་ཧ་སག་སི་ཐན་ནས་དངུལ་གཏོང་དང་མཉམ་ལས་ཀྱིས་ཧ་སག་སི་ཐན་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ཕན་པ་ཡོད། ཧ་སག་སི་ཐན་གྱིས་མུ་མཐུད་དུ་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་མཛའ་མཐུན་གཉིས་ཁེ་མཉམ་ལས་ཇེ་དྲག་བཏང་ནས། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཧ་སག་སི་ཐན་ལ་དངུལ་གཏོང་དུ་ཕེབས་པར་དགའ་བསུ་ཡོད་ལ། ཀྲུང་གོའི་ཁེ་ལས་ལ་ཉེ་བར་མཁོ་བའི་ཆ་རྐྱེན་ཡག་པོ་བསྐྲུན་རྒྱུ་ཡིན། ཧ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ས་ཁུལ་གྱི་གནད་དོན་མང་པོའི་ཐད་ལངས་ཕྱོགས་གཅིག་མཚུངས་ཡིན་ཏེ། གཉིས་གས་ཞི་བདེའི་ཕྱི་འབྲེལ་གྱི་ལྟ་བ་རྒྱུན་འཁྱོངས་བྱེད་ཅིང་མཆིས། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤ་ཡ་དབུས་མའི་བར་གྱི་སྒྲིག་གཞི། ཧྲང་ཧའེ་མཉམ་ལས་རྩ་འཛུགས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཐུན་སྦྱོར་འབྲེལ་འདྲིས་ཇེ་དྲག་གཏོང་འདོད་ཡོད། མཛའ་བརྩེ་ནི་ཧ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ཏེ། རིན་ཆེན་གསེར་ལས་ཀྱང་རྩ་ཆེ་ཡིན། ཧ་སག་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། ཧ་སག་སི་ཐན་དང་ཀྲུང་གོའི་བར་གྱི་རྫོགས་ལྡན་གྱི་ལོ་ངོ་སུམ་ཅུའི་རིང་ལ་བླངས་པའི་གྲུབ་འབྲས་སྔར་ལས་མང་པོ་ལེན་གང་ཐུབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་ཙུང་ཐུང་ཐའོ་ཁ་ཡེ་ཧྥུའུ་ཡིས་བཤམས་པའི་དགའ་བསུའི་གསོལ་སྟོན་ཆེན་མོར་བཞུགས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་དེའི་ནང་ཞུགས་ཡོད།
འཕྲིན་སྟེགས། weikangba