ཞི་ཅིན་ཕིང་གིས་ཞོད་འགོག་ཐན་འགོག་ལས་ཀར་མཛུབ་སྟོན་གལ་ཆེན་གནང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞོད་འགོག་ཐན་འགོག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ཉེ་བའི་དུས་སྐབས་སུ་ལྷོ་ཕྱོགས་ཀྱི་ས་ཆ་མང་པོར་བསྟུད་མར་ཆར་པ་ཆེན་པོ་བབས་པ་དང་། ཀོང་ཏུང་དང་ཧྥུ་ཅན་སོགས་ས་ཁུལ་དུ་ཆུ་ལོག་དང་ས་གཤིས་གནོད་འཚེ་བྱུང་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་བཟོས། བྱང་ཕྱོགས་ས་ཁུལ་ཁག་ཅིག་གི་ཐན་སྐྱོན་བྱུང་ཚད་ཧ་ཅང་མགྱོགས་པ་དང་། ལྷོ་ཕྱོགས་སུ་ཆུ་ལོག་དང་བྱང་ཕྱོགས་སུ་ཐན་སྐམ་གྱི་གནས་ཚུལ་མངོན་གསལ་དོད་པོ་རེད་ཅེས་གསུངས།
ཞི་ཅིན་ཕིང་གིས་གནོད་སྐྱོན་གནས་ཚུལ་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་བ་དང་། ཐབས་བརྒྱ་ཇུས་སྟོང་གིས་འབྲེལ་གཏུགས་ཆད་པའི་མི་སྣ་འཚོལ་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་ཏེ་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཁག་ཐེབ་བྱས་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཞི་ཅིན་ཕིང་གིས་རང་རྒྱལ་ཕྱོགས་ཡོངས་ནས་ཆུ་འབྲུབ་པའི་དུས་སྐབས་གཙོ་བོར་སླེབས་པ་དང་བསྟུན་ནས་ཞོད་འགོག་གནས་བབ་ཉིན་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཉེན་ཁའི་འདུ་ཤེས་དང་མ་མཐའི་བསམ་བློར་སྔར་བས་ཤུགས་སྣོན་རྒྱག་དགོས་ལ། འགན་འཁྲི་ནན་མོ་འཁུར་བ་དང་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་ཞོད་འགོག་ཐན་འགོག་དང་ཉེན་སེལ་གནོད་སྐྱོབ་ཀྱི་ལས་དོན་ཁག་ཏན་ཏིག་གིས་བསྒྲུབ་དགོས། གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བ། མངོན་མེད་ཉེན་ཁའི་གནོད་འཚེ་ཞིབ་བཤེར་བྱེད་པ། སྒྲིག་ཆས་འདང་ངེས་གྲ་སྒྲིག་གང་ལེགས་བྱེད་པ།ལས་ཀའི་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། གློ་བུར་དུ་བྱུང་བའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།
ཡོང་ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། རྩོམ་སྒྲིག་པ། མཚོ་ལྷ།
འཕྲིན་སྟེགས། weikangba