ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ།

2024-01-16
893

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་མཛུབ་སྟོན་གལ་ཆེན་གནང་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་ཚུན་ལ། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་སྟེང་གི་ཏང་གི་ལས་འགན་གཙོ་བོར་དམ་པོར་དམིགས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་། ལས་རིམ་སོ་སོར་དམ་འཛིན་ནན་མོ་བྱས་ནས་ཕན་འབྲས་གསར་པ་ཐོབ་ཡོད་པར་བསྟན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པའི་ལོ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན། སྲིད་ཁྲིམས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གིས་མགོ་ཁྲིད་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། རང་འགན་སྒྲུབ་པར་བློ་དཀར་བ་དང་བྱས་རྗེས་འཇོག་ཕོད་པར་བྱེད་པ། སྲིད་ཁྲིམས་བྱ་བའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་བ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་བདེ་འཇགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ཀྱི་ཚོར་དབང་རྣོན་པོ་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་མངོན་སུམ་གྱིས་ཆེ་རུ་བཏང་ནས། བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་འགོག་སེལ་བྱེད་དགོས། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་ནས། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་དེ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ནང་ཁུལ་གྱི་འགལ་བ་ཐག་གཅོད་ཡང་དག་བྱེད་པ། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བཅས་བྱེད་དགོས། སྤྱི་ཚོགས་དྲང་བདེན་དྲང་གཞག་ཡོང་བར་འགན་སྲུང་དང་སྐུལ་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་བྱེད་པ་དང་ཁྲིམས་བསྟར་ནན་མོ་བྱེད་པ། ཁྲིམས་འཛིན་དྲང་གཞག་ཡོང་བར་བྱེད་པ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཁྲིམས་འཛིན་སྒྲིག་སྲོལ་གྱི་ཕྱོགས་བསྡུས་ཆ་སྡེབ་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་གནད་འཁེལ་བཅས་བྱེད་དགོས། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། བློ་དཀར་ཞིང་སྤྱོད་པ་གཙང་ལ། འགན་འཁུར་ཕོད་པའི་དུས་རབས་གསར་པའི་སྲིད་ཁྲིམས་ཀྱི་ཧྲག་དམག་བྱེད་དགོས།

ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་ཚེས13ཉིན་ནས་ཚེས14ཉིན་བར་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་གྱིས་ཚོགས་ཐོག་ནས་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་སྒྲོག་བྱས་ཏེ་གཏམ་བཤད་གནང་། ཁོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱས་ནས། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ་དང“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཏང་གིས་སྲིད་ཁྲིམས་ལས་དོན་ལ་མགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་ཁྲིམས་ཀྱི་ཧྲག་དམག་གསོ་སྐྱོང་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་སྲིད་ཆེ་ཤོས་འདི་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། དུས་རབས་ཀྱི་ཁ་ཕྱོགས་ལ་དམ་འཛིན་ཡང་དག་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཤུགས་འདོན་པ། སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་ལ་ཤུགས་འདོན་པ། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་འགན་ལེན་དང་སྐུལ་འདེད་གཏོང་བར་ཤུགས་འདོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་པ། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་ཆེན་པོ་སྣོན་པ་བཅས་བྱས་ནས། སྲིད་ཁྲིམས་བྱ་བའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་དང་ཞབས་འདེགས་ཞུ་དགོས་པར་བསྟན།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའམ་སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཧུང་གིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་སྤྱི་བསྡོམས་གཏམ་བཤད་གནང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་ཚོགས་འདུར་ཞུགས། ཐེངས་འདིའི་ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་འཚོགས། །

  • 顶