ཟླ་9ཚེས་23ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཤིས་ཧུའུ་མཚེའུ་རྒྱལ་མགྲོན་ཁང་དུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་སྐབས་19པའི་འགོ་ཚུགས་མཛད་སྒོར་ཞུགས་པའི་ཧན་གོའི་ཙུང་ལི་ཧན་ཏེ་ཀྲུའུ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་ནི་གནས་སྤོ་ཐབས་བྲལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་ལ་ཁ་བྲལ་ཐབས་མེད་པའི་མཉམ་ལས་རོགས་ཟླ་ཞིག་ཀྱང་ཡིན། 1992ལོར་ཕྱི་འབྲེལ་བཙུགས་ཚུན། ཀྲུང་གོ་དང་ཧན་གོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་གལ་ཆེན་ཐོབ་ཡོད། ཀྲུང་གོ་དང་ཧན་གོའི་འབྲེལ་བ་བརྟན་པོ་དང་ཏན་ཏིག་རྒྱུན་འཁྱོངས་བྱས་པ་ནི་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་ཕན་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་ཕྱོགས་དང་མཉམ་དུ་ཀྲུང་ཧན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་དུས་བསྟུན་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་འབད་བརྩོན་ཆེན་པོས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧན་གོའི་དབར་ཕྱི་འབྲེལ་བཙུགས་ཚུན། མཛའ་གྲོགས་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བའི་གཙོ་རྒྱུན་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཧན་གོ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་སྲིད་ཇུས་མཐའ་འཁྱོངས་དང་ཧན་གོ་ཕྱོགས་ཀྱིས་ཀྲུང་ཧན་མཉམ་ལས་ལ་གཞོལ་བའི་དགེ་མཚན་ལྡན་པའི་བསམ་འདུན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཧན་གོའི་འབྲེལ་བར་མཐོང་ཆེན་དང་འཕེལ་རྒྱས་གཏོང་རྒྱུ་དེ་སྲིད་ཇུས་དང་བྱ་སྤྱོད་ཐོག་ནས་མངོན་པར་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་མཛའ་གྲོགས་མཉམ་ལས་ཀྱི་ཁ་ཕྱོགས་ཆེན་པོར་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧན་ཏེ་ཀྲུའུ་ཡིས་ཀྲུང་གོའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཧན་གོས་ཧང་ཀྲོའུ་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ལ་གྲུབ་འབྲས་བཟང་པོ་ཐོབ་རྒྱུའི་སྨོན་འདུན་སྙིང་དབུས་ནས་ཞུ་རྒྱུ་ཡིན། ན་ནིང་པཱ་ལི་གླིང་ཕྲན་གྱི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐོག་ཙུང་ཐུང་དབྱི་ཤིས་གཡོད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྤེལ་རེས་ཡག་པོ་གནང་ཡོད། མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲན་སློང་མང་པོ་འཕྲད་ཡོད་པས་ཧན་ཀྲུང་གིས་མཐོ་རིམ་དབར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མཉམ་ལས་བྱས་ནས་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་ཕན་པ་ཡོད། ཧན་གོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་སྐྱོན་བྲལ་དང་གནད་སྨིན་འཐུས་ཚང་གི་ཧན་ཀྲུང་འབྲེལ་བ་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་དཔལ་འབྱོར་ཚོང་དོན་མཉམ་ལས་དང་། མི་སྣ་འགྲོ་འོང་། རིག་གནས་སྤེལ་རེས་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་མཐའ་འཁྱོངས་ཀྱིས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
འཕྲིན་སྟེགས། weikangba