ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》ཅེས་པའི་པོད་དང་པོ་དང་པོད་གཉིས་པའི་སོག་ཡིག་དང་བོད་ཡིག ཡུ་གུར་གྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ དབྱི་རིགས་ཀྱི་ཡི་གེ ཀྲོང་རིགས་ཀྱི་ཡི་གེ་བཅས་ཡིག་རིགས་བདུན་གྱི་པར་གཞིའི་ཡིག་སྒྱུར་ལས་དོན་ཚང་མ་ཡོངས་འགྲུབ་བྱས་ཏེ། ཉེ་ལམ་རྒྱལ་ཡོངས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།
ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》ཅེས་པའི་པོད་དང་པོ་དང་པོད་གཉིས་པ་དེ2023ལོའི་ཟླ4པར་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཐུན་སྦྱོར་འོག་ཏུ། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ཡིས་རྒྱལ་ཡོངས་མི་རིགས་སྐད་ཡིག་གི་ཡིག་སྒྱུར་དཔུང་སྡེ་རྩ་འཛུགས་བྱས་ཏེ། 2023ལོའི་ཟླ7པར་མི་རིགས་ཡིག་རིགས་བདུན་གྱི《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》ཅེས་པའི་པོད་དང་པོ་དང་པོད་གཉིས་པའི་ཡིག་སྒྱུར་ལས་དོན་ཡོངས་འགྲུབ་བྱས། 《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》ཅེས་པའི་པོད་དང་པོ་དང་པོད་གཉིས་པ་དངོས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ངང་ཆུད་པར་བྱེད་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་ཏུ་གཏོང་བ། “ཡིད་ཆེས་བཞི”སྔར་ལས་སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པ་བཅས་ལ་བརྟེན་ནས། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་ཆེན་པོ་གཏོང་ཐུབ་ངེས་ཡིན།
《ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག》ཅེས་པའི་པོད་དང་པོ་དང་པོད་གཉིས་པའི་སོག་ཡིག་དང་བོད་ཡིག ཡུ་གུར་གྱི་ཡི་གེ ཧ་སག་གི་ཡི་གེ ཁྲའོ་ཞན་གྱི་ཡི་གེ་བཅས་ཀྱི་པར་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཤིང་། དབྱི་རིགས་ཀྱི་ཡི་གེ་དང་ཀྲོང་རིགས་ཀྱི་ཡི་གེའི་པར་མ་དེ་མི་རིགས་དཔེ་སྐྲུན་ཁང་གིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་ཀོང་ཞི་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་མཉམ་འབྲེལ་བྱས་ཏེ་སོ་སོར་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད། །