
དགའ་བསུ་མཛད་སྒོ་གནང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཁཱ་སི་ཐེ་ལུའོ་དང་གྲོས་མོལ་གནང་སྟེ། ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཁཱ་སི་ཐེ་ལུའོ་ནི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བའི་ཧོན་དྷ་རུ་སིའི་ཙུང་ཐུང་དང་པོ་ཡིན་ལ། ཁྱེད་ཀྱིས་འཚམས་འདྲི་གནང་ནས་ཀྲུང་གོ་དང་ཧོན་དྷ་རུ་སིའི་བར་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལེའུ་གསར་པ་བརྩམས། ད་ལོའི་ཟླ་བ་གསུམ་པར་ཀྲུང་གོ་དང་ཧོན་དྷ་རུ་སིའི་བར་ཕྱི་འབྲེལ་བཙུགས་ནས་བཟུང་། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་མྱུར་དུ་སྤེལ་མགོ་རྩོམ་ཞིང་མགོ་ཡག་མོ་ཚུགས་ནས། གསོན་ཤུགས་རྒྱས་ཤིང་མདུན་ལྗོངས་རྒྱ་ཆེན་མངོན་ཡོད། ཀྲུང་གོ་དང་ཧོན་དྷ་རུ་སིའི་བར་འབྲེལ་བ་དེས་དེང་སང་གི་བྱས་རྗེས་ཡིན་ཡང་ཡུན་རིང་གི་ཕན་ཐོགས་ཆེན་པོ་ཡོད་པས། ཀྲུང་གོས་ཀྲུང་གོ་དང་ཧོན་དྷ་རུ་སིའི་བར་གྱི་མཛའ་མཐུན་འབྲེལ་བ་འཕེལ་རྒྱས་དང་། ཧོན་དྷ་རུ་སིའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཧོན་དྷ་རུ་སི་དང་ཕན་ཚུན་བརྩི་བཀུར། འདྲ་མཉམ་གཉིས་ཁེ། མཉམ་དུ་འཕེལ་རྒྱས་གཏོང་བའི་གྲོགས་པོ་བཟང་པོ་དང་མཛའ་བཤེས་རོགས་ཟླ་བྱེད་འདོད་ཡོད་ལ། ངས་ཁྱེད་དང་མཉམ་དུ་འཐབ་ཇུས་མཐོ་ཚད་དང་ཡུན་རིང་པོར་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཟབ་མོ་གཏོང་བར་སྣེ་ཁྲིད་དང་སྐུལ་སྤེལ་གཏོང་བ། རྒྱལ་ཁབ་གཉིས་བར་མཉམ་ལས་ཕུགས་འདུན་བཟང་པོ་དེ་གྲུབ་འབྲས་དངོས་པོ་ཐོན་བཅུག་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཀྱང་ཡོད་ལ། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཧོན་དྷ་རུ་སིའི་འབྲེལ་བ་ཡུན་རིང་བརྟན་པོ་དང་བདེ་སྐྱིད་ལྡན་པའི་མ་འོངས་པར་སྐྱོད་པའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས་ཁ་ཕྱོགས་ཡང་དག་གདེང་ཚོད་ཐུབ་དགོས་ལ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་གཏོང་དགོས། ཀྲུང་གོ་གཅིག་གི་རྩ་དོན་ནི་ཀྲུང་གོ་དང་ཧོན་དྷ་རུ་སིའི་བར་ཕྱི་འབྲེལ་འཛུགས་པ་དང་ཕྱོགས་གཉིས་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་དང་ཆབ་སྲིད་ཀྱི་རྨང་གཞི་ཡིན་ལ། ཧོན་དྷ་རུ་སི་ཡིས་ཐེ་ཚོམ་མེད་པར་དོན་འཁྱོལ་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོས་ཧོན་དྷ་རུ་སི་ཡིས་རྒྱལ་ཁབ་བདག་དབང་རང་བཙན་ལ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད། དམངས་འཚོ་ལེགས་བཅོས་བྱེད་པར་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བརྟན་པོ་ཡོད། ཧོན་དྷ་རུ་སི་ཡིས་རང་ཉིད་རྒྱལ་ཁབ་ཀྱི་འཕེལ་རྒྱས་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ལམ་བུ་བདམས་པར་རྒྱབ་སྐྱོར་བརྟན་པོ་ཡོད་ལ། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་ཧོན་དྷ་རུ་སིའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ་ཡིན། ཧོན་དྷ་རུ་སི་དང་རྒྱལ་སྐྱོང་སྲིད་འཛིན་སྤེལ་རེས་ཇེ་དྲག་གཏོང་བ་དང་། དབུལ་ཕོངས་སེལ་བ་དང་སྤྱི་ཚོགས་བཅོས་སྐྱོང་། རུལ་སུངས་ཆད་གཅོད་སོགས་ཉམས་མྱོང་མཉམ་རོལ་བྱེད་པ་དང་། སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བཅས་་ཁྱོན་ཡོངས་ནས་སྤེལ་རེས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ལ། ཕྱོགས་གཉིས་ཀྱིས་འཐབ་ཇུས་འབྲེལ་མཐུད་ཇེ་དྲག་དང་། རྒྱལ་ཁབ་གཉིས་བར་མཉམ་ལས་ནང་རྐྱེན་གྱི་རྨང་གཞི་བརྟན་པོ་འཛུགས་པ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ་དེ་གཅིག་འགྱུར་སྣེ་ཁྲིད་དུ་བཟུང་ནས་མཉམ་དུ་འཕེལ་རྒྱས་གཏོང་དགོས། ཀྲུང་གོས་ཧོན་དྷ་རུ་སིའི་ཁྱད་ཆོས་ལྡན་པའི་ཐོན་རྫས་ཀྲུང་གོའི་ཚོང་རའི་ནང་ཞུགས་པར་སྐུལ་འདེད་གཏོང་བ་དང་། ཧོན་དྷ་རུ་སི་དང་རང་མོས་ཉོ་ཚོང་གྲོས་ཆོད་གྲོས་མོལ་མགྱོགས་པར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་ཆོས་སྤེལ་རེས་ཇེ་དྲག་བཏང་ནས་ཀྲུང་གོ་དང་ཧོན་དྷ་རུ་སིའི་མཛའ་མཐུན་དམངས་སེམས་འདོད་མོས་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་གོས་ཧོན་དྷ་རི་སུ་དང་ཕྱོགས་མང་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་སྒྲིག་ལམ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོང་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱ་འདོད་ཡོད་ལ། ཀྲུང་གོས་ཧོན་དྷ་རི་སུ་འདུས་པའི་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དང་མཉམ་དུ། ཀྲུང་གོ་དང་ལ་ཏིང་མེ་གླིང་ཐུན་མོང་ཚོགས་པའི་གླེང་སྟེགས་འཛུགས་སྐྱོང་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་མཉམ་ལས་ཧྲིལ་པོར་སྐུལ་འདེད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཁཱ་སི་ཐེ་ལོ་ཡིས། ཀྲུང་གོ་དང་འབྲེལ་བ་བཙུགས་པ་ནི་ཧོན་དྷ་རི་སུ་སྲིད་གཞུང་གི་ལོ་རྒྱུས་ཀྱི་གདམ་ག་ཡིན་པས། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ངེས་རེད། ཧོན་དྷ་རི་སུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བརྟན་པོ་བྱེད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་པར་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོར་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། ཧོན་དྷ་རི་སུར་ཡིད་སྨོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གྲོས་འགོ་དང་འཛམ་གླིང་འཕེལ་རྒྱས་གྲོས་འགོ། འཛམ་གླིང་བདེ་འཇགས་གྲོས་འགོ། འཛམ་གླིང་དཔལ་ཡོན་གྲོས་འགོ་བཅས་ཀྱིས། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་རེ་སྒུག་དང་མཐུན་པའི་སྔར་ལས་ཞི་བདེ་དང་བདེ་འཇགས་ཀྱི་འཛམ་གླིང་འཛུགས་སྐྱོང་བྱེད་པར་མཐུན་རྐྱེན་སྐྲུན་རྒྱུ་རེད། ཧོན་དྷ་རི་སུས་དེར་བསྟོད་བསྔགས་དང་ནང་ཞུགས་འབད་བརྩོན་བྱ་རྒྱུ་ཡིན། ཧོན་དྷ་རི་སུ་ལ་ཀྲུང་གོ་དང་མཉམ་ལས་འབྲེལ་བ་འཕེལ་རྒྱས་བཏང་ན། ཧོན་དྷ་རི་སུ་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་དང་ཡག་པོ་ཐོབ་པར་ཡིད་ཆེས་ཡོད་ལ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ཟླ་བ་གཉིས་ཀྱི་རིང་ནས་མཉམ་ལས་མགྱོགས་པོར་སྤེལ་པ་དེས། ཧོན་དྷ་རི་སུའི་མ་འོངས་པར་ཡིད་ཆེས་ཇེ་བརྟན་དུ་གཏོང་ཡོད་པས། ཧོན་དྷ་རི་སུས་ཀྲུང་གོ་དང་ཉོ་ཚོང་དང་དངུལ་གཏོང་། རྨང་གཞི་སྒྲིག་ཆས། གློག་འཕྲིན། ནུས་ཁུངས། ཚན་རྩལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ་དང་། མི་ཆོས་རིག་གནས་བརྗེ་རེས་ཇེ་དྲག་གཏོང་བར་རེ་སྒུག་བྱེད་བཞིན་ཡོད། ཧོན་དྷ་རི་སུས་ལ་ཏིང་མེ་གླིང་ཐུན་མོང་ཚོགས་པ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ལ། ཧོན་དྷ་རི་སུ་དང་ཀྲུང་གོའི་མཛའ་བརྩེས་དུས་ཀྱི་ཉམས་སད་ཐེག་པ་དང་། གྲུབ་འབྲས་གསར་པ་ཟམ་མ་ཆད་པར་ཐོབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
གྲོས་མོལ་གནང་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་། སྤུས་ཀ་ཞིབ་བཤེར། དཔལ་འབྱོར་ཉོ་ཚོང་། ཞིང་ལས། ཚན་རྩལ། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ནང་གི་མཉམ་ལས་ཡིག་ཆ་མང་པོར་མཚན་བཀོད་པར་བདེན་དཔང་མཛད་པ་སྦྲགས། ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧོན་དྷ་རི་སུ་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་བ་རེད། ཚེས་བཅུ་གཉིས་ཉིན་གྱི་དགོང་མོར། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཁཱ་སི་ཐེ་ལོ་དང་དགའ་བསུ་གསོལ་སྟོན་བཤམས་པ་རེད།
ཝང་དབྱིས་དང་། ཆིན་ཀང་སོགས་གོང་གི་བྱེད་སྒོའི་ནང་ཞུགས་ཡོད།
ཟླ་བ་དྲུག་པའི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཧོན་དྷ་རི་སུའི་ཙུང་ཐུང་ཁཱ་སི་ཐེ་ལོ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་ཕེབས་ནས་མི་དམངས་དཔའ་བོའི་དྲན་གསོ་རྡོ་རིང་ལ་མེ་ཏོག་སེ་ར་ཕུལ།
འཕྲིན་སྟེགས། weikangba