ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་ནི་ལྷོ་ཁ་གྲོང་ཁྱེར་གྱི་ལྷོ་པ་རིགས་ཀྱི་མང་ཚོགས་འདུས་སྡོད་ཁུལ་གཅིག་པུ་དེ་ཡིན་ལ། གསར་དུ་བསྐོ་གཞག་བྱས་པའི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ལྷོ་ཁ་གྲོང་ཁྱེར་སྒྱུ་རྩལ་ཚོགས་པའི་རིམ་པ་གཉིས་པའི་གླུ་དབྱངས་འཁྲབ་སྟོན་པ་ཟླ་ལྷོའི་ཕ་ཡུལ་ཡང་རེད།

ལས་ཀའི་དགོས་མཁོས་ཟླ་ལྷོ་རྟག་ཏུ་མཐའ་མཚམས་ཀྱི་རྫོང་དང་ཤང་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་བསྐྱོད་ཀྱི་ཡོད། དེར་བརྟེན། ཁོང་གིས་ལོ་འདི་དག་ནང་བོད་ལྗོངས་ཀྱི་མཐའ་མཚམས་གྲོང་གསེབ་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་བདེན་དཔང་བྱས་ཡོད་དེ། གཙང་ངོགས་སུ་བསྐྲུན་པའི་མཛེས་ལྗོངས་གཟིགས་སྐོར་གྱི་རྐང་ཐང་འགྲོ་ལམ་དང་། སྔོ་ལྗང་རི་ཆུའི་བར་དཀྱིལ་དུ་གནས་པའི་ཚོན་མདོག་རྣམ་པར་བཀྲ་བའི་གྲོང་མིའི་སྡོད་ཁང་། མི་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཉི་ནུས་ལམ་སྒྲོན། དེ་བཞིན་གསར་དུ་བཏིང་བའི་ལམ་བུ་དང་། འཐུས་སྒོ་ཚང་བའི་ཆུ་གློག་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་རྣམས་ཀྱི་ཐོག་ནས་གནའ་བོའི་གྲོང་སྡེ་དེའི་རྣམ་པ་གསར་པ་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད།
འོན་ཀྱང་ཟླ་ལྷོའི་དྲན་པའི་ངོས་སུ་ཡོད་པའི་བྱིས་དུས་ཀྱི་ཕ་ཡུལ་ནི་དེ་འདྲ་ཞིག་མ་རེད། སྐབས་དེ་དུས། ཁོང་ལོ་ལྟར་ཕ་མ་དང་མཉམ་དུ་ཕ་ཡུལ་གྱི་གཉེན་ཉེ་ཐུག་འཕྲད་བྱེད་པར་བསྐྱོད་དུས་ལམ་བར་དུ་ཉིན་གཉིས་ཀྱི་དུས་ཚོད་དགོས་པ་དང་། ལམ་བར་གྱི་དཀའ་ཁག་དེ་ད་ལྟའང་བརྗེད་ཐབས་བྲལ་ཡོད། ཡིན་ཡང་། ད་ཆ་ཆུ་ཚོད་3ལྷག་ཙམ་ནང་སླེབས་ཐུབ་ཅེས་ཟླ་ལྷོས་སྤོབས་པ་ཆེན་པོའི་སྒོ་ནས་བརྗོད་ཡོད།

གྲོང་ཚོ་མཛེས་ཤིང་ཞིང་དུད་ཕྱུག་པོ་ཆགས་ཡོད་དེ། ལོ་འདི་དག་ནང་བོད་ལྗོངས་ཀྱིས་མཐའ་སྲུང་མཐའ་བརྟན་གྱི་དགོས་མཁོ་དང་མཐའ་མཚམས་མི་སེར་མང་ཚོགས་ཀྱི་རེ་སྒུག་ཐག་གཅོད་བྱ་རྒྱུ་དེ་འཇུག་སྒོ་དང་འགག་གཏོར་བྱེད་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོའི་གྲོང་མི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་ཁྲི་1.26བར་མཐོ་རུ་བཏང་བ་དང་། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ཡོད།
དེ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་བསྟུན་ནས། ལོ་འདི་དག་ནང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སྒྲིག་ཤུགས་ཆེན་བྱས་པ་དང་། འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རིམ་བཞིན་རྒྱ་ཆེར་བཏང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཡང་ཉིན་བཞིན་ཕུན་སུམ་ཚོགས་སུ་བཏང་ཡོད། ད་ཆ། ཕ་ཡུལ་དུ་དམངས་གཞས་འཚོལ་བསྡུ་བྱེད་པར་བསྐྱོད་ཐེངས་རེར། ལྷོ་པ་རིགས་ཀྱི་བགྲེས་སོང་དང་གླེང་མོལ་བྱ་རྒྱུ་དེ་ཟླ་ལྷོའི་དགའ་ཕྱོགས་ཤིག་ཏུ་གྱུར་ཡོད་ཅིང་། ཁོང་ཚོས་ད་ལྟའི་འཚོ་བར་བསྔགས་བརྗོད་ཚད་མེད་བྱས་ཏེ“ཏང་གི་སྲིད་ཇུས་བཟང་པོ་མེད་ན་ལྷོ་པའི་ད་ལྟའི་བདེ་སྐྱིད་འཚོ་བ་ཡོང་མི་སྲིད”ཅེས་པའི་སྐད་ཆ་དེ་ཡང་ཁོང་གིས་ཐོས་མང་ཤོས་ཀྱི་སྐད་ཆ་ཞིག་ཡིན་པ་རེད།

གྲུབ་འབྲས་ལྷུག་པོར་གླེང་བ་ཕུད། གསར་དུ་བསྐོ་གཞག་བྱས་པའི་བོད་སྡོད་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས། ཟླ་ལྷོས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་སྒྲུབ་པ་དང་ཐབས་ཇུས་འདོན་པའི་འགན་འཁྲི་བློ་ལ་བརྟན་པོར་ངེས་ཡོད། ཁོང་གིས། འབྱུང་འགྱུར་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་། སྲིད་ཇུས་ཁག་གཅིག་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ཐད་ཕྱོགས་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག ཁོང་གིས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་བརྒྱུད་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་ལེགས་སྒྲིག སྲུང་སྐྱོབ་དང་གོང་སྤེལ་བཅས་ཀྱིས་སྤུས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་དང་སྦྲེལ་མཐུད་བྱས་ཏེ། མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཕན་ཚུན་མཉམ་འདྲེས་ཡོང་བ་བྱེད་དགོས་པ་དང་། རིག་གནས་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་སྲོལ་རྒྱུན་གྱི་མི་རིགས་རིག་གནས་དེ་བས་མང་བ་སོར་འཇོག་བྱེད་དགོས། དེ་དང་དུས་མཚུངས། གྲངས་ཉུང་མི་རིགས་ཀྱི་རིག་གནས་ཕྱི་རུ་བསྐྱོད་དེ། རང་ངོས་ཀྱི“རང་སྟོབས་རང་སྤེལ”གྱི་ནུས་པ་འདོན་སྤེལ་བྱེད་གང་ཐུབ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འཕྲིན་སྟེགས། weikangba