སྨན་པའི་འགན་འཁྲི་ནམ་ཡང་བརྗེད་མི་སྲིད།

2023-03-10
1238

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧྭ་ཏེ་སྨིས་བཞུགས་གནས་སུ་གྲོས་གཞི་གྲ་སྒྲིག་ནན་ཏན་བྱེད་བཞིན་པ།
        ཧྭ་ཏེ་སྨི་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པའི་ཡོན་ཀྲང་གཞོན་པ་དང་གཙོ་བཅོས་སྨན་པ་ཡིན་ལ། བོད་ལྗོངས་ཀྱི་བུད་མེད་གསོ་རིག་འབུམ་རམས་པ་ཞིག་ཀྱང་རེད།
        སྨན་པ་བྱས་ནས་ལོ27རིང་། ཧྭ་ཏེ་སྨིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས“ཚེ་སྲོག་ལ་སྲུང་སྐྱོབ་དང་། སྲོག་སྐྱོབ་སྨན་བཅོས། ལེགས་སྐྱེས་འབུལ་འདོད་པ། གཅེས་སེམས་ཆེན་པོ་འཆང་བ”བཅས་ཀྱི་ལས་རིགས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་བསྒྲུབས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་མཁན་སྨན་དོན་མི་སྣ་ཞིག་གིས་རང་ཉིད་བློས་གཏོང་ཕོད་པའི་སྙིང་སྟོབས་ལ་བརྟེན་ནས་ཚེ་སྲོག་གི་རིན་ཐང་གང་ལེགས་མངོན་པར་བྱས་ཡོད།
        ཧྭ་ཏེ་སྨི་ཡི་ལོ་རྒྱུས་ལ་བལྟས་ཚེ། ཁོང་ལ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་གཏིང་ཟབ་དང་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་ཤེས་ཐུབ་ཅིང་། 1996ལོར་དངོས་གཞིའི་ཚན་ཁག་ནས་ཐོན་རྗེས་ཁོང་གིས་ཨོ་སི་ཁྲུ་ལི་ཡའི་ཀྲན་མུའུ་སི་ཁུའུ་ཁེ་སློབ་ཆེན་དང་ཧར་པིན་གསོ་རིག་སློབ་ཆེན་ནས་སྤྱི་པའི་འཕྲོད་བསྟེན་གྱི་རབ་འབྱམས་པའི་སློབ་གནས་དང་དབུགས་འབྱིན་རྔུབ་ཁོག་ནད་ཚན་ཁག་གི་གསོ་རིག་འབུམ་རམས་པའི་སློབ་གནས་བླངས།
        བོད་རང་སྐྱོང་ལྗོངས་སྨན་བཅོས་སྐྱོབ་བཅོས་ཆེད་མཁས་ཚོགས་ཆུང་གི་ཁོངས་མི་ཡིན་པའི་ཧྭ་ཏེ་སྨི་ཡི་ཉེ་བའི་ལོ་ཤས་རིང་གི་ལས་དོན་ལ་ཕྱིར་མིག་ཅིག་བལྟས་ཚེ། མཐའ་དག་རིམས་འགོག་ལས་དོན་དང་ཁ་བྲལ་ཐབས་མེད།
        2020ལོའི་ལོ་སྟོད་དུ་བོད་ལྗོངས་སུ་ཏོག་གསར་གློ་ཚད་ཕོག་མཁན་ཐོག་མ་དེ་བྱུང་བ་དང་། 2022ལོའི་ཟླ8པར་བོད་ལྗོངས་སུ་གློ་བུར་དུ་རིམས་ནད་བྱུང་བའི་སྐབས་སུ། ཧྭ་ཏེ་སྨིས་ཐོག་མཐའ་བར་གསུམ་དུ་སྐྱོབ་བཅོས་ཚོགས་པའི་སྣེ་ཁྲིད་དེ་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་ཁ་གཏད་བཅག་ནས་བོད་ལྗོངས་ཀྱི་རིམས་ནད་འགོག་བཅོས་ལས་དོན་གྱི་འཐབ་ས་མདུན་མར་བསྐྱོད་དེ་ནད་པ་ཉེན་ཁ་ལས་བསྐྱབས།
        ལྷག་པར་དུ། ན་ནིང་ནས་བཟུང་ཧྭ་ཏེ་སྨིས་བོད་ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་ལས་དོན་པ་དང་མཉམ་དུ་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་བསྐྱངས་ཏེ་སེམས་ཤུགས་ཡོད་རྒུ་བོད་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བཏོན་ཡོད། ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་དང་། གནད་སྨིན་སྐྱོབ་བཅོས་མཐའ་འཁྱོངས། ནད་གཞིར་བརྡར་གཅོད་ཡང་དག་བཅས་བྱས་ནས་སྨན་བཅོས་ཇུས་གཞི་བཟོ་བའི་ནང་ཞུགས་པ་མ་ཟད་དུས་ཐོག་ཏུ་ལེགས་སྒྲིག་ཀྱང་བྱས་ཡོད།
        “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྙིང་བསྡུས་མཛད་པའི་ཚེ་སྲོག་གོང་དུ་བཀུར་བ་དང་། རྒྱལ་ཡོངས་བློ་སེམས་གཅིག་མཐུན། རང་སྲོག་བློས་གཏོང་། ཚན་རིག་ལ་བརྩི་འཇོག ལས་དབང་གཅིག་མཐུན་བཅས་ཀྱི་རིམས་འགོག་སྙིང་སྟོབས་རླབས་པོ་ཆེ་ནི། སྨན་བཅོས་ལས་དོན་པ་ཀུན་གྱིས་སློབ་སྦྱོང་ཡག་པོ་དང་དར་སྤེལ་གཏོང་དགོས་པ་ཞིག་ཡིན”ཞེས་ཧྭ་ཏེ་སྨིས་གསུངས།
        ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་འགོས་ཁྱབ་འགྲོ་མགྱོགས་ཤོས་དང་། འགོས་རྒྱ་ཆེ་ཤོས། སྔོན་འགོག་ཚོད་འཛིན་བྱེད་དཀའ་ཤོས་བཅས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་དེའི་ཁྲོད་དང་། ནད་དུག་ངོ་འགྱུར་གྱི་རྡབ་རྡེག་ཡང་ཡང་ཕོག་པའི་མདུན་དུ། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཇི་ལྟར་བྱས་ཏེ་བོད་ལྗོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་ཞན་ཆ་གསབ་རྒྱུའི་ཐད་བསམ་གཞིག་བྱེད་བཞིན་ཡོད། རིམས་ནད་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་རིང་སྨན་ཁང་གི་དོ་དམ་ལས་དོན་ལ་དམིགས་ནས། ཁོང་གིས་བྱེད་ཐབས་སྣ་ཚོགས་ཡང་ཡང་བཏོན་པ་སྟེ། རྒྱུན་གཏན་གྱི་སྨན་བཅོས་སྒྲིག་ལམ་སླར་གསོ་བྱུང་བའི་གནས་ཚུལ་འོག ཏོག་གསར་ནད་དུག་འགོ་ནད་སྐྱོབ་བཅོས་ལས་དོན་གྱི་གཙོ་གནད་དེ་ནད་ཚབས་ལྕི་རིགས་ལ་འགྱུར་ཉེན་ཆེ་བའི་རིགས་གྲལ་བཤེར་བྱ་རྒྱུར་འགྱུར་དགོས་པ་དང་འབྲེལ། དུས་ཐོག་མ་ནས་ཇུས་གཏོགས་བྱས་ནས། བོད་ལྗོངས་ཀྱི་ཏོག་གསར་ནད་དུག་ལྕི་རིགས་ཐོན་ཚད་ཕྱོགས་ཡོངས་ནས་ཉུང་དུ་དང་ཏོག་གསར་ནད་དུག་གིས་རྐྱེན་པས་ཤི་ཚད་ཉུང་དུ་བཏང་སྟེ་བོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་དེ་རེད།
        ལོ20ལྷག་ཙམ་རིང་ཧྭ་ཏེ་སྨི་ནི་ཀུན་གྱི་བསྔགས་བརྗོད་ཐོབ་པའི་ཕུལ་བྱུང་གི་སྨན་པ་བཟང་པོ་ཞིག་རེད། ཁོང་ལ“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང་།“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”“བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་དམག”སོགས་ཀྱི་གཟེངས་བསྟོད་དང་མཚན་སྙན་སྔ་རྗེས་སུ་ཐོབ་པ་རེད།
        སྐབས་གསར་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལ་བདམས་ཐོན་བྱུང་རྗེས། ཧྭ་ཏེ་སྨིས་གཟི་བརྗིད་ཚོར་ལ་དངངས་འཚབ་ཀྱང་སྐྱེས། ཁོང་གིས“ད་ལོ་ངས་གཙོ་བོ་སློབ་སྦྱོང་མང་པོ་བྱེད་འདོད་པའི་བསམ་བློ་བཅངས་ནས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་ཏེ་སླད་ཕྱིན་ཨུ་ཡོན་ཞིག་གི་འགན་འཁྲི་སྔར་བས་ཡག་པོ་བསྒྲུབ་པར་རྨང་གཞི་བཟང་པོ་འདིང་རྒྱུ་ཡིན། མ་འོངས་པར་ངས་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས་དམངས་འཚོར་དོ་ཁུར་དང་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། རང་ཉིད་ཀྱི་ཆེད་ལས་ལེགས་ཆ་སྤྱད་ནས་མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་གསུངས།
  • 顶 0