རིག་གཞུང་ལ་བརྟེན་ནས་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ཀྱི་ཡིན།

2023-03-10
7310

“བརྩེ་སེམས་བཅངས་ནས་འགན་འཁྲི་སྒྲུབ་པ་དང་གནད་དོན་ལ་ཞིབ་འཇུག་བྱ་རྒྱུ་ནི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་བརྗོད་ན་དེ་ནི་ངའི་འགན་འཁྲི་ཞིག་རེད” རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོ་ནི་བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མི་རིགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཞིག་རེད། བཅར་འདྲི་བྱེད་སྐབས་ས་ཆ་གང་ཞིག་དང་གནད་དོན་གང་ཞིག་ཡིན་རུང་ཁོང་གིས་སྐད་ཆ་གཏིང་ཟབ་འདྲི་བ་དང་བློ་ལ་གསལ་པོ་ངེས་པ་མ་ཟད། ཁོང་གི་གཞུང་ལས་ཁང་གི་སྒྲོག་ཙེའི་ཐོག་བརྟག་དཔྱད་ཞིབ་འཇུག་གི་དཔྱད་གཞིའི་ཡིག་ཆས་ཁེངས་ཡོད་པ་གསར་འགོད་པས་ཤེས་རྟོགས་བྱུང་།


རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་པད་མ་མཚོས་མི་དམངས་ཚོགས་ཁང་ཆེན་མོའི་མདུན་དུ་དྲན་རྟེན་འདྲ་པར་བསྐྱོན་བཞིན་པ།
       “ཉེ་བའི་ལོ་ཤས་རིང་། ངས་རྟག་ཏུ་འབྲོག་ཁུལ་གྱི་རྒན་རྒོན་ཚོགས་སྤྱི་དང་རྒན་གསོའི་རྣམ་པར་དོ་ཁུར་བྱེད་ཀྱི་ཡོད། ངའི་ཆེད་ལས་ནི་མིའི་རིགས་རིག་པ་ཡིན་པ་དང་རིག་ཚན་དེའི་ཆེས་རྩ་བར་གྱུར་པའི་བླང་བྱ་ནི་ངེས་པར་དུ་དུས་ཡུན་རིང་པོའི་ནང་ཡུལ་དངོས་སུ་བསྐྱོད་དེ་བརྟག་དཔྱད་བྱེད་དགོས་པ་དེ་རེད”“ལོ་ཁ་ཤས་གོང་ང་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་གཅིག་སྡུད་རྒན་གསོ་བསྙེན་བཀུར་ལྟེ་གནས་སུ་མིའི་རིགས་རིག་པའི་ཡུལ་དངོས་སུ་བརྟག་དཔྱད་བྱེད་པར་ཕྱིན་པ་ཡིན། དེ་གར་ང་དང་རྒན་རྒོན་རྣམས་ཟླ་ཤས་རིང་མཉམ་གནས་བྱས་པ་དང་། དེ་གའི་རྒན་རྒོན་ཚོ་ནི་ཁྱིམ་ཚང་ལ་གནས་ཚུལ་ལྷག་པའམ་ཡང་ན་ཁྲག་རྒྱུད་ཀྱི་ཕྱི་རབས་པ་མེད་སྟབས་ཁྱིམ་ཚང་གི་རྒན་གསོའི་རམ་འདེགས་མེད་པར་གྱུར་མོད། འོན་ཀྱང་ཟླ་ཤས་མཉམ་དུ་སྡོད་རིང་རྒན་རྒོན་ཚོས་བརྗོད་མང་ཤོས་ནི་འདི་གར་ནི་རྒན་གསོ་ཐུབ་པའི་ཁྱིམ་ཚང་རེད་ཅེས་པ་དེ་རེད”ཅེས་པད་མ་མཚོས་བཤད།  
      སྐབས་དེ་དུས་ཀྱི་བག་ཆགས་ཟབ་མོ་ལྡན་པའི་ཡུལ་དངོས་ཀྱི་ཉམས་མྱོང་ལས་པད་མ་མཚོས་འབྲོག་ཁུལ་གྱི་རྒན་རྒོན་ཚོགས་སྤྱི་དང་རྒན་གསོའི་རྣམ་པར་ཞིབ་འཇུག་བྱས་པ་དང་འབྲེལ《རྩྭ་ཐང་ཐོག་གི་རྒན་གསོ་ཁང་སྟེ་མིའི་རིགས་རིག་པའི་མཐོང་རྒྱའི་འོག་གི་ལམ་ལུགས་རྒན་གསོ་ནག་ཆུ་འབྲོག་ཁུལ་གྱི་ལག་ལེན》སོགས་ཀྱི་དཔྱད་རྩོམ་ཡང་བྲིས་ཡོད། ཁོང་གིས“རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒན་གསོའི་རྣམ་པ་དེ་འབྲོག་ཁུལ་གྱི་རྒན་རྒོན་ཚོགས་སྤྱིས‘རྒྱལ་ཁབ’ཀྱི་དྲོ་སྐྱིད་ཐད་ཀར་ཚོར་བ་དང་བསམ་ཤེས་ཐུབ་རྒྱུ་དང་འབྲེལ‘ཁྱིམ་ཚང’དང‘རྒྱལ་ཁབ’གཅིག་པ་ཡིན་པའི་མྱོང་ཚོར་ཐུབ་ཡོད”ཅེས་བཤད། 
      ད་ལོ་པད་མ་མཚོ་གཟི་བརྗིད་ལྡན་པའི་ངང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་པ་རེད། མི་རིང་བའི་སྔོན་པད་མ་མཚོས་བརྟག་ཞིབ་ངོ་སྤྲོད་ཡི་གེ་ཁྱེར་ནས་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ཐ་སྐྱོང་འགན་ལེན(རྒན་གསོ་འགན་ལེན)ཐད་ཀྱི་གནས་ཚུལ་སྔར་བས་ཤེས་རྟོགས་གནང་བར་ཕེབས་ཡོད།  
      བཅར་འདྲི་དང་ལེན་བྱེད་སྐབས་པད་མ་མཚོས《རྒན་གསོའི་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《འགན་ལེན་ལྔའི་གཅིག་སྡུད་བསྙེན་བཀུར་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་གྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ།》《བོད་རང་སྐྱོང་ལྗོངས་ཀྱིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་བ་དང་རང་གསོ་མི་ཐུབ་པ་སོགས་རྒན་རྒོན་གྱི་ཁ་གསབ་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་སྲིད་ཇུས་ཀྱི་ཡིག་ཆ་རབ་དང་རིམ་པ་ལྟ་ཀློག་བྱས་ཡོད། ཁོང་གིས“བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ངར་རང་འགན་གཙང་སྒྲུབ་དང་བརྟག་ཞིབ་བྱེད་པར་སྟབས་བདེའི་ཆ་རྐྱེན་མཁོ་འདོན་བྱས་བྱུང་། ཐེངས་འདིའི་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད། བོད་ལྗོངས་ཀྱིས་ཐ་སྐྱོང་འགན་ལེན་དེ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ལ་འབད་བརྩོན་ལྷོད་མེད་བྱེད་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཤེས་རྟོགས་བྱུང་ལ། ཏང་དང་སྲིད་གཞུང་གིས་སྲིད་ཇུས་བཟང་པོ་དེ་དག་འབྲོག་ཁུལ་དུ་ཁྱབ་པར་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་སྣ་ཚོགས་ལ་དེ་བས་དོ་ཁུར་དང་། དེ་བས་གཅེས་སྐྱོང་། དེ་བས་སེམས་ཁུར་བཅས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་བདེ་སྡུག་སེམས་སུ་འཇོག་པ། ཁོང་ཚོའི་དཀའ་སྡུག་ལ་སེམས་ཁུར་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བཅས་བྱེད་ཀྱི་ཡོད”པ་མྱོར་ཚོར་ཟབ་མོ་བྱུང་ཞེས་གསུངས།
      “ཡུལ་དངོས་བརྟག་དཔྱད་བྱེད་པར་འགན་འཁྲི་དང་བརྩེ་སེམས་བཅངས་ནས་འབྲོག་ཁུལ་དང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ། སྐད་ཆ་དྲང་པོ་ཤོད་པ་དང་། སྐད་ཆ་མདོར་བསྡུས་ཤོད་པ། ཡུལ་སྐད་ཤོད་པ་བཅས་ཀྱི་བྱ་ཐབས་ལ་བརྟེན་ནས་ཡུལ་དངོས་ཀྱི་དཔྱད་ཡིག་དང་རིག་གཞུང་དང་རིགས་པའི་གཞུང་ལུགས་ཟུང་འབྲེལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱ་རྒྱུ་བློ་ལ་ཡག་པོ་ངེས་དགོས” “འགན་འཁྲི་གསར་པ་སྒྲུབ་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས། སླད་ཕྱིན་རིག་གཞུང་ཚན་ཁག་གི་ཁྱབ་ཁོངས་མི་འདྲ་བ་དང་འབྲེལ་གཏུག་བྱེད་པའི་གོ་སྐབས་སྔར་ལས་མང་བ་ཡོད་པ་དང་། ས་གནས་མི་འདྲ་བར་བརྟག་དཔྱད་བྱེད་སྐབས་ངས་རང་ཉིད་ཀྱི་ཆེད་ལས་ཤེས་བྱར་བརྟེན་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་མཉམ་འདྲེས་དང་ཤེས་དཔལ་སྤེལ་རེས་ཟབ་ཏུ་གཏོང་བའི་ཁྲོད་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ཀྲུང་གོའི་སྐད་སྒྲ་དང་། ཀྲུང་གོའི་རིགས་པའི་གཞུང་ལུགས། ཀྲུང་གོའི་བསམ་བློ་བཅས་བརྒྱུད་བསྒྲགས་བྱས་ཏེ་འཛམ་གླིང་གིས་ཀྲུང་གོ་དེ་བས་ལེགས་པའི་ངང་ཤེས་རྟོགས་དང་ཀྲུང་གོའི་བོད་ལྗོངས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་གསུངས།
  • 顶