རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་གྲ་སྒྲིག་ཚོགས་འདུ་འཚོགས་པ།

2023-03-06
1494

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲ་སྒྲིག་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཆེ་བདམས་ཐོན་བྱུང་བ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པར་ད་ལྟ་འཐུས་མི་2977ཡོད་པ་དང་། ཟླ་3ཚེས་3ཉིན་བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འབྱོར་ཐོ་བཀོད་པའི་འཐུས་མི་2962ཡོད། ཚེས་4ཉིན་གྱི་གྲ་སྒྲིག་ཚོགས་འདུར་འཐུས་མི་2951ཞུགས་ཡོད་པ་དང་། འཐུས་མི་26ཞུགས་ཐུབ་མེད། ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་2023ལོའི་ཟླ་3ཚེས་5ཉིན་འཚོག་རྒྱུ་དང་། ཚོགས་ཆེན་གྱི་གྲ་སྒྲིག་ལས་དོན་ཁག་ཚང་མ་བསྒྲུབས་ཟིན་པའི་ཁྱབ་བསྒྲགས་གནང་བ་རེད།

ལི་ཀྲན་ཧྲུའུ་ཡིས་གསུངས་དོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་མཛུབ་ཁྲིད་བསམ་བློ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཚགས་མཐའ་འཁྱོངས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམ་པོར་དམིགས་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ནན་ཏན་སྒྲུབ་པ། ཚོགས་ཆེན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པའི་ངང་ལེགས་སྒྲུབ་བཅས་བྱས་ནས། ཚོགས་ཆེན་དམངས་གཙོ་དང་། མཐུན་སྒྲིལ། བདེན་འཚོལ། ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོགས་ནས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན། དཀའ་སྤྱད་ལས་སྒྲུབ་དང་ཞུམ་མེད་མདུན་སྐྱོད་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྩ་འཛུགས་ཀྱི་བཅའ་ཁྲིམས་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་དུ། ཀྲུའུ་ཞི་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་གཙོ་སྐྱོང་བྱེད་པའི་གཏན་འབེབས་བྱས་ཡོད།

གྲ་སྒྲིག་ཚོགས་འདུར་བདམས་ཐོན་བྱུང་བའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་ཕྱོགས་གང་ཅིའི་ཐད་ཀྱི་འཐུས་ཚབ་མི་སྣ་ཁྱོན་192ཡོད་པ་ལས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་འཐུས་ཚབ་མི་སྣ་བཅས།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་ལས་བྱེད་པ་སོགས། མི་དམངས་ཚོགས་པ་ཁག་གི་འགན་འཁུར་བ། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་བཅས་ཀྱི་འཐུས་མི་ཚོགས་པའི་འགན་འཁུར་བ་སོགས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཁེ་ལས། ཚན་རྩལ། སྤྱི་ཚོགས་ཚན་རིག སློབ་གསོ། རིག་རྩལ། འཕྲོད་བསྟེན། ལུས་རྩལ། ཕྱིར་སྡོད་རང་མིའི་རིགས་ཁོངས། ཆོས་ལུགས་རིགས་ཁོངས་བཅས་ཀྱི་འཐུས་མི་དང་དེ་བཞིན་བཟོ་པ་དང་། ཞིང་པ། བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་སོགས་གཞི་རིམ་གྱི་འཐུས་མི། མི་འབོར་ཁྲི་བརྒྱ་ཡན་ཟིན་པའི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་སོགས་ཚུད་ཡོད། ལི་ཧུང་ཀྲུང་ཚོགས་ཆེན་གྱི་དྲུང་ཆེ་ཡིན་པ་རེད།

གྲ་སྒྲིག་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁྱོན་ཁག་9ཡོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་གཞིར་བཟུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་རེ་རེའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུ་ནི་སྐབས་གོང་མའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་བྱེད་ཀྱི་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཨེ་ལི་ཀེང·དབྱི་མིང་པ་ཧའེ། དབན་ཨེ་ཞང་། ཁྲེན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཝུའུ་ཝུའེ་ཧྭ་བཅས་དང་དྲུང་ཆེ་དབྱང་ཀྲེན་ཝུའུ་ཚོགས་འདུར་ཞུགས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲའོ་ལེ་ཅི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས་པ་རེད། དེ་དང་དུས་མཚུངས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིར་བདམས་པའི་གྲས་སུ་ད་དུང་ལི་ཀན་ཅེ་དང་། ལི་ཧུང་ཀྲུང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ་བཅས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲ་སྒྲིག་ཚོགས་འདུའི་ཐོག་བདམས་ཐོན་བྱུང་བའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པས་ཚེས་4ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཚོགས་འདུར་ཕེབས་དགོས་པའི་མི་192དང་དངོས་སུ་ཕེབས་པ་192ཡོད་པས་ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་གཞིར་བཟུང་། ཚོགས་འདུའི་ཐོག་དང་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡི་གཙོ་སྐྱོང་འོག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་པ་རེད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་འགན་འཁྲི་ནི། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་སྐོང་བསྡུ་དང་གཙོ་སྐྱོང་བྱེད་པ་དང་། ཀྲུའུ་ཞི་ཚོགས་པར་དོན་གནད་གྲོས་ཞིབ་བྱ་རྒྱུར་ཕུལ་ནས་དྲུང་ཡིག་ཁྲུའུ་དང་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་ཉན་པ་དང་ཀྲུའུ་ཞི་ཚོགས་པར་གྲོས་འགོ་འདོན་པ། ཚོགས་འདུའི་ཉིན་རེའི་གྲོས་རིམ་ལ་དགོས་ངེས་ཀྱི་ལེགས་སྒྲིག་བྱ་ཆོག་པ། འཐུས་མི་ཚོགས་པའི་ཚོགས་གཙོའི་ཚོགས་འདུ་སྐོང་འཚོགས་བྱས་ནས་གྲོས་གཞི་དང་འབྲེལ་ཡོད་སྙན་ཞུའི་གནད་དོན་གལ་ཆེན་སྐོར་ལ་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་ཉན་ནས་གྲོས་བསྡུར་བྱ་ཆོག་པ་མ་ཟད། གྲོས་བསྡུར་བྱས་ཚུལ་དང་བསམ་འཆར་དག་ཀྲུའུ་ཞི་ཚོགས་པར་སྙན་སེང་ཡང་ཞུ་བ། ཆེད་དམིགས་ཀྱི་གནད་དོན་གལ་འགངས་ཆེ་རིགས་སྐོར་ལ་འཐུས་མི་ཚོགས་པས་བདམས་པའི་འབྲེལ་ཡོད་འཐུས་མི་བསྐོངས་ནས་གྲོས་བསྡུར་བྱ་ཆོག་པ་དང་། གྲོས་བསྡུར་བྱས་ཚུལ་དང་བསམ་འཆར་དག་ཀྲུའུ་ཞི་ཚོགས་པར་སྙན་སེང་ཞུ་དགོས་པ་བཅས་རེད།

ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འོས་འདེམས་གཏན་འཁེལ་བྱུང་རྗེས། ལི་ཀྲན་ཧྲུའུ་ཡིས་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་རྣམས་ཀྲུའུ་ཞི་སྡིངས་ཆའི་ཐོག་གདན་དྲངས་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་པ་དང་། ལི་ཀྲན་ཧྲུའུ་ཡིས་ཁོང་རྣམ་པ་རེ་རེ་བཞིན་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་རྗེས་ཚོགས་ཁང་ནས་ཞལ་གྱེས་པ་དང་། ཚོགས་ར་ཡོངས་ནས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

དེ་རྗེས་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཉིན་རེའི་གྲོས་རིམ་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཉིན་རེའི་གྲོས་རིམ་ལ་གཞིགས་ན། ད་ཐེངས་ཀྱི་ཚོགས་ཆེན་ཟླ་3ཚེས་5ཉིན་གྱི་སྔ་དྲོ་འགོ་འཛུགས་རྒྱུ་དང་། ཟླ་3ཚེས་13ཉིན་གྱི་སྔ་དྲོ་གྲོལ་རྒྱུ་ཡིན་ཞིང་། ཚོགས་ཡུན་ཉིན་བརྒྱད་དང་ཉིན་ཕྱེད་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་གྱི་གཏན་འབེབས་ལ་གཞིགས་ན། ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཀྲུའུ་ཞི་ཚོགས་པའི་ཁོངས་མི་འགའ་ཞིག་བདམས་ནས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཁག་གི་ལག་བསྟར་ཀྲུའུ་ཞིའི་འགན་སོ་སོར་འཁུར་རྒྱུ་རེད། བརྡས་ཐག་བཅད་པ་བརྒྱུད་ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བདམས་པ་རེད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ལིའུ་ཅུན་ཁྲེན་དང་། མོང་ཞང་ཧྥེང་། ཅང་ཤིན་ཀྲེ། ལིའུ་ཅན་པོ། ཝང་ཁྲའོ་བཅས་ཚོགས་ཆེན་གྱི་དྲུང་ཆེ་གཞོན་པར་གཏན་འཁེལ་བྱས་པ་དང་། ཚོགས་འདུའི་ཐོག་ཝང་ཁྲའོ་ཡིས་ཚོགས་ཆེན་གྱི་མགྲིན་ཚབ་པ་གཅིག་ལྕོགས་གནང་རྒྱུའི་གཏན་འཁེལ་བྱས་པ་རེད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཚོགས་ཆེན་གྱི་གཏན་འབེབས་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་འོས་མི་བརྡས་ཐག་གཅོད་ཐབས་སྐོར་གྱི་ཚོགས་ཆེན་གྱི་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་རྗེས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་དོན་གྲོས་སྒྲིག་སྲོལ་གྱི་གཏན་འབེབས་ལ་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་འཚོག་རིང་། ཁྲིམས་བཟོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱེད་དགོས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་འཚོག་རིང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཞིབ་བཤེར་དང་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལ་ཞིབ་བཤེར་བྱེད་དགོས་པས། ཟླ་3ཚེས་5ཉིན་གྱི་སྔ་དྲོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་འདོན་དགོས་ཀྱི་ཡོད། ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་། ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཀྲུའུ་རེན་ཨུ་ཡོན་གཞོན་པ། ཨུ་ཡོན་བཅས་ཀྱི་གྲོས་འགོའི་འོས་མིའི་མཚན་ཐོར་གྲོས་ཞིབ་བྱས་པ་རེད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། འབྲེལ་ཡོད་འོས་མི་འཐུས་མི་ཚོགས་པ་ཁག་ལ་ནང་མོལ་བྱ་རྒྱུར་ཕུལ་རྗེས་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐོག་བརྡས་ཐག་གཅོད་པར་འབུལ་རྒྱུའི་གཏན་འབེབས་བྱས་པ་རེད།

ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ཚོགས་ཆེན་རིང་། འཐུས་མིའི་གྲོས་འཆར་འདོན་མཚམས་འཇོག་པའི་དུས་ཚོད་ཟླ་3ཚེས་7ཉིན་གྱི་ཆུ་ཚོད་12བར་ཡིན་པའི་གཏན་འཁེལ་བྱས་པ་རེད། ཚོགས་འདུའི་རིང་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་འཐུས་མི་ཚོགས་པ་དང་འཐུས་མིས་བཏོན་པའི་གྲོས་འཆར་ལ་ཞིབ་འཇུག་བྱེད་པ་དང་། ཐག་གཅོད་བསམ་འཆར་འདོན་པ་མ་ཟད། ཀྲུའུ་ཞི་ཚོགས་པར་གཏན་འབེབས་བྱེད་པར་སྙན་སེང་ཞུ་ཡི་རེད།

  • 顶 0