ལོ་རྙིང་ཕར་ལ་བསྐྱལ་ནས་ལོ་གསར་ཚུར་ལ་བསུ་བའི་མཚམས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་2023ལོའི་ལོ་གསར་གྱི་ཤིས་ཚིག་ནི་ཚིག་གསལ་ལ་དོན་ཟབ་ཅིང་ཐུགས་ཁུར་ཟབ་མོ་དང་སྨོན་འདུན་བཟང་པོ་མཚོན་པས་ས་མཐོའི་བུ་ཕྲུག་ཚོའི་འབད་འཐབ་ཀྱི་ཧུར་སེམས་རབ་ཏུ་འཕེལ་ཡོད། ཚང་མས་2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་གྱི་འགོ་ཚུགས་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། རླུང་བརྟེན་རླབས་གཤགས་དང་ཞུམ་མེད་མདུན་སྐྱོད་བྱེད་པ། བརྟན་ཐོག་ཡར་འཕེལ་དང་དཀའ་ངལ་ཁྲོད་ལེགས་གྲུབ་ཡོང་བ་བཅས་བྱས་ཏེ་ཏན་ཏན་ཏིག་ཏིག་ངང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་སྒྲིག་གནང་བའི་བརྗིད་ཆེའི་འཆར་གཞི་དངོས་ཡོད་དུ་འགྱུར་བ་བྱས་ནས་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་པ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དྲིན་ཚོར་གླིང་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཕུར་བུས“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས། འབྱུང་འགྱུར་ཀྲུང་གོའི་སྟོབས་ཤུགས་འབྱུང་རྩ་ནི་མཐུན་སྒྲིལ་ཡིན་ཞིང་། ཀྲུང་གོ་བ་དུང་ཕྱུར་བཅུ་བཞི་ལྷག་ཙམ་གྱིས་བསམ་བློ་གཏོང་ས་གཅིག་ལ་གཏོང་བ་དང་སྟོབས་ཤུགས་རྒྱག་ས་གཅིག་ལ་བརྒྱབ་ནས་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་བྱས་ཚེ། སྒྲུབ་མི་ཐུབ་པའི་བྱ་བ་མེད་ལ་སྒྲོལ་མི་ཐུབ་པའི་དཀའ་གནད་མེད་ཅེས་གསུངས་པ་ལྟར་ང་ཚོས་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས”ཞེས་བརྗོད་པ་རེད།
བྲག་གཡབ་རྫོང་ཟླ་ཆུའི་འགྲམ་གྱི་དཔལ་མདའ་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཡུལ་དུ་གློད་འོད་རབ་ཏུ་འཚེར་ཞིང་། ཆུ་གློག་ཅུས་དགུ་པ་བོད་ལྗོངས་ཀུང་སིའི་གཞུང་ལམ་རྣམ་གྲངས་པུའུ་ཡི་ལས་བྱེད་ལས་བཟོ་ཚོས་ཏང་ཡོན་གྱི་བྱེད་སྒོ་ཁང་དུ་བློ་རྩེ་གཅིག་སྒྲིམ་ངང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་ཤིས་ཚིག་ལྟ་ཉན་བྱེད་བཞིན་ཡོད།
དཔལ་མདའ་གྲོང་གསེབ་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་གི་རུ་དཔོན་ཏེང་ཝུན་མིང་གིས་ལོ་གསར་ཤིས་ཚིག་ཉན་རྗེས་མྱོང་ཚོར་ཟབ་མོས“ཨར་སྐྲུན་བཟོ་པ་ཞིག་ཡིན་པའི་ངོས་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་འཛུགས་སྐྲུན་ནང་ཞུགས་རྒྱུ་བྱུང་བས་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ལྕི་པོ་ཡིན་པ་ཚོར་བྱུང་། སླད་ཕྱིན་ང་ཚོས་བོད་ལྗོངས་འཛུགས་སྐྲུན་གྱི་འཐབ་ས་དང་པོར་དཀའ་ངལ་ཁྱད་བསད་དང་ལས་དོན་ཏན་ཏིག་བསྒྲུབས་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན་གྱི་ཡིན”ཞེས་བརྗོད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པར་ཞིང་ལས་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ལས་འགན་གལ་ཆེན་ཞིག་ཡིན་པས། མི་ཤུགས་དང་རྒྱུ་དངོས་བཀོད་སྒྲིག་དང་། ནོར་ཤུགས་ཀྱི་འགན་ལེན་ཚང་མ་གྲོང་གསེབ་དར་རྒྱས་ལ་ཕྱོགས་དགོས། ཉེ་བའི་ལོ་ཤས་རིང་བོད་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ་མཛེས་སྡུག་ལྡན་པའི་རི་ཆུ་ཀླུང་གསུམ་གྱི་བར་ན་གྱ་གྱུའི་གྲོང་གསེབ་གཞུང་ལམ་མང་པོ་ཞིག་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་བུ་དང་གྲོང་གསེབ་དར་རྒྱས་ཀྱི་ཕྱུག་འགྱུར་ལམ་བུ་རྩེ་གྲ་ཞིག་ཏུ་གྱུར་ཡོད། ཏེང་ཝུན་མིང་གིས་ཁོང་དང་ལས་རོགས་ཚོས་འཛུགས་སྐྲུན་བྱས་པའི་ལམ་བུའི་ཐོག་གང་མགྱོགས་རླངས་འཁོར་ཤར་གཏོང་ཐུབ་ནས་ཡུལ་དེའི་མང་ཚོགས་ཀྱི་ལས་དོན་དང་འཚོ་བར་སྟབས་བདེ་སྐྲུན་པ་དང་ཕན་འབྲས་ཆེ་རུ་གཏོང་ཐུབ་པའི་རེ་སྒྲུག་བྱེད་བཞིན་ཡོད་པ་རེད།
“ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་ཤིས་ཚིག་ལས་མི་ཚང་མའི་སེམས་ཤུགས་རབ་ཏུ་འཕེལ་བ་དང་ལྷག་པར་དུ་གཞོན་ནུ་དར་ན་རྒྱལ་ཁབ་དར། ཀྲུང་གོ་འཕེལ་རྒྱས་གཏོང་དགོས་ན་རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཞེས་གསུངས་ཡོད”ལོ་གསར་ཤིས་ཚིག་ནང་གཞོན་ནུར་མངགས་བཅོལ་དང་ཐུགས་རེ་ཟབ་མོ་གནང་བ་ལས་མངའ་རིས་ས་ཁུལ་ཀུན་འདུས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་དོན་པ་སྨི་ཅིན་མེ་སེམས་ཤུགས་རབ་ཏུ་འཕེལ་ཏེ“ན་གཞོན་གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར། དོན་འཁྱོལ་བཅས་ནན་ཏན་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་འཇོན་ཐང་ཟམ་མི་ཆད་པར་འཕེལ་བ་དང་། ཕུགས་འདུན་སེམས་སུ་འཆང་བ་དང་ལས་ཀ་ཏན་ཏན་ཏིག་ཏིག་བྱེད་པ། བསམ་ཕོད་པ་དང་བྱེད་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་བྱས་ཏེ་ཕུགས་བསམ་ཡོད་པ་དང་། འགན་འཁྲི་ཁུར་ཐུབ་པ། དཀའ་ལས་རྒྱག་ཐུབ་པ། འབད་འཐབ་བྱེད་ཐུབ་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཚ་ཚ་འུར་འུར་གྱི་ལག་ལེན་ཁྲོད་དུ་ལང་ཚོའི་མེ་ཏོག་རབ་ཏུ་བཞད་པར་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།
འཕྲིན་སྟེགས། weikangba