ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས26ཉིན། 2022ལོའི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བགྲོ་གླེང་ཚོགས་འདུ་དྲ་ཐོག་ནས་བསྡུས་པ་དང་། བགྲོ་གླེང་ཚོགས་འདུའི་བརྗོད་བྱ་ནི“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་སློར་སྦྱོང་དང་ལག་བསྟར་བྱས་ཏེ། མི་དང་རང་བྱུང་འཆམ་ཁམས་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ”ཞེས་པ་དེ་ཡིན།
སྐྱེ་ཁམས་ཁོར་ཡུག་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་སུང་ཅིན་ལུང་གིས་མགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད་ནས་བསྟན་དོན། དུས་རབས་གསར་བའི་ལོ་ངོ་བཅུ་ཡི་རིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་ཚན་རིག་གི་མཛུབ་སྟོན་འོག མཛེས་སྡུག་ཀྲུང་གོའི་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ངེས་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློའི་གཏིང་ཟབ་པའི་མི་དམངས་ཀྱི་བརྩེ་སེམས་དང་རིག་གནས་ཀྱི་བརྩེ་སེམས། སྐྱེ་ཁམས་ཀྱི་བརྩེ་སེམས། མི་རིགས་ཀྱི་བརྩེ་སེམས་དང་གནམ་འོག་གི་བརྩེ་སེམས་གོ་བ་ཟབ་མོ་ལེན་དགོས། བསྐྱོད་ལམ་གསར་བའི་སྟེང་། ཏང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་སྣེ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་ལ་སྐུལ་འདེད་བཏང་ནས། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་ལ་ཤུགས་བསྣན་ནས། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ཁྲོད་ཞུགས་དགོས།
ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲང་ཅན་ཁྲུང་གིས་ཤིས་ཚིག་ཁྲོད་ཏང་གི་ཚོགས་ཆེན་ཉི་ཤུ་པས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ནི་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་དང་རྩ་བའི་བླང་བྱ་ཡིན་པར་བཤད་ཡོད་ཅིང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱས་ཏེ། ཞིབ་འཇུག་འགྲེལ་བཤད་གཏིང་ཟབ་དུ་གཏོང་བ་དང་། དྲིལ་སྒྲོག་ཁྱབ་གདལ་ལ་ཤུགས་བསྣན་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མིའི་སེམས་སུ་གཤགས་པ་དང་རྩ་བ་ཚུགས་པར་སྐུལ་འདེད་གཏོང་དགོས་པར་བསྟན།
ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ཞིབ་འཇུག་ལྟེ་གནས་ཀྱིས་འགན་འཁུར་ནས་སྒྲུབ་པ་ཡིན། བགྲོ་གླེང་ཚོགས་འདུར་གླེང་སྟེགས་གཙོ་བོ་དང་བྱེ་བྲག་གི་གླེང་སྟེགས4བཀོད་སྒྲིག་བྱས་ཡོད་པ་དང་། བསྡོམས་པས་མི300ལྷག་གིས་བརྙན་ལམ་ནས་གྲོས་ཚོགས་ལ་ཞུགས། །