ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས20ཉིན་གྱི་དགོང་མོར་ཁ་ཆད་ལྟར་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་ལ་ཁ་པར་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་འཇར་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་ལ། ཀྲུང་འཇར་འབྲེལ་བར་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཤིག་ཀྱང་ཡིན། ཀྲུང་འཇར་མགོ་ཁྲིད་པ་མི་རབས་ཁ་ཤས་ཀྱིས་ཐུན་མོང་འབད་བརྩོན་འོག ཀྲུང་འཇར་འབྲེལ་བ་སྤྱིའིི་ཆ་ནས་ལེགས་པོའི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་གཉིས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླར་གྱུར་ཡོད། ཀྲུང་འཇར་འབྲེལ་བའི་འཕེལ་རྒྱས་ལ་གཏིང་ཟབ་པའི་དམངས་སེམས་ཀྱི་རྨང་གཞི་དང་ཐུན་མོང་གི་ཁེ་ཕན་རྒྱ་ཆེར་ལྡན་ལ། རྒྱལ་ཁའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་ཡིན། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་བཀུར་དང་གཉིས་ཁེ་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ཚེ། ཀྲུང་འཇར་འབྲེལ་བ་དེ་ཡང་དག་དང་གཏན་འཇགས། ཡུན་རིང་བཅས་ཡོང་ཐུབ་ངེས་ཡིན། ཀྲུང་གོས་འཇར་མན་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་འཇར་འབྲེལ་བ་དེ་མུ་མཐུད་དུ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ། ཀྲུང་འཇར་འབྲེལ་བའི་མ་འོངས་པའི་རྒྱལ་ཁའི་ལོ50ཡི་མགོ་རྩོམ་འདོད་ཡོད།
ཞི་ཅིན་ཕིང་གིས་ད་ལྟའི་དུས་མཚམས་ཀྱི་ཀྲུང་འཇར་འབྲེལ་བ་འཕེལ་རྒྱས་ཐད་བསམ་ཚུལ་གསུམ་བཏོན་པ་སྟེ།
ཐོག་མར། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཡང་དག་པའི་གཞི་རྩའི་ངོས་འཛིན་རྒྱུན་འཁྱོངས་བྱེད་དགོས། ཀྲུང་འཇར་ནི་ནམ་ཡང་གླེང་མོལ་གྱི་རོགས་ཟླ་དང་འཕེལ་རྒྱས་ཀྱི་རོགས་ཟླ། མཉམ་ལས་ཀྱི་རོགས་ཟླ། གོ་ལ་ཧྲིལ་བོའི་འགྲན་སློང་ལ་གདོང་གཏོད་པའི་རོགས་ཟླ་བཅས་ཡིན། ཕྱོགས་གཉིས་ཀྱི་མུ་མཐུད་དུ་གླེང་མོལ་བྱས་ཏེ་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་རྒྱ་ཆེར་གཏོང་དགོས་ལ། འཛུགས་སྐྲུན་རང་བཞིན་གྱི་རྣམ་འགྱུར་གྱིས་ཕྱོགས་འགལ་ལ་འགོག་སྡོམ་བྱེད་པ་དང་། མུ་མཐུད་དུ་རོགས་ཟླའི་འབྲེལ་བའི་ནང་དོན་གཏིང་ཟབ་དུ་གཏོང་དགོས།
གཉིས་པ། ཀྲུང་འཇར་མཉམ་ལས་ལ་དངོས་བརྩོན་སྒོ་འབྱེད་བྱེད་དགོས་པ་དང་། འདི་ནི་ཕྱོགས་གཉིས་ཀྱིས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པའི་ཁྱད་ཆོས་གལ་ཆེན་ཡིན། འདས་པའི་ལོ་ངོ50རིང་ཀྲུང་འཇར་ཉོ་ཚོང་དངུལ་འབོར་ལྡབ870འཕར་ཡོད། ཕྱོགས་གཉིས་ཀྱིས་ངེས་པར་དུ་ཐོབ་དཀའ་བའི་མཉམ་ལས་ཀྱི་གྲུབ་འབྲས་ལ་གཅེས་སྤྲས་བྱས་ནས། ཁྲོམ་ར་དང་མ་དངུལ། ལག་རྩལ་གྱི་ཕན་ཚུན་གསབ་རེས་ལ་ཤུགས་སྣོན་བྱེད་པ་དང་། རླངས་འཁོར་དང་འཕྲུལ་ཆས། རྫས་འགྱུར་བཟོ་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཆེར་གཏོང་དགོས་ཤིང་། ཞབས་ཞུའི་ཉོ་ཚོང་དང་རིག་ནུས་གསར་བཟོ། གཞི་གྲངས་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་བྱེད་དགོས། ཀྲུང་གོས་ཀྲུང་གོར་དངུལ་གཏོང་བྱེད་པའི་འཇར་མན་གྱི་ཁེ་ལས་འདྲ་མཉམ་གྱི་ལྟ་སྟངས་བཟུང་རྒྱུ་ཡིན་ཞིང་། འཇར་མན་གྱིས་ཀྱང་ཀྲུང་གོའི་ཁེ་ལས་ལ་འཇར་མན་དུ་དངུལ་གཏོང་ཐད་འདྲ་མཉམ་དང་མངོན་གསལ། ཕྱོགས་རེས་མེད་པའི་ཚོང་གཉེར་ཁོར་ཡུག་ཅིག་འདོན་སྤྲོད་བྱེད་རྒྱུའིི་རེ་བ་ཡོད།
གསུམ་པ། ཀྲུང་ཡོ་འབྲེལ་བ་བདེ་ཐང་གཏན་འཇགས་ངང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་པ་ནི་ཀྲུང་འཇར་ཕྱོགས་གཉིས་ཀྱིས་ངེས་པར་དུ་ཐུན་མོང་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན། ཀྲུང་གོས་ཡོ་རོབ་མནའ་འབྲེལ་ཀྱི་འཐབ་ཇུས་རང་བདག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། ཡོ་རོབ་ཕྱོགས་ཀྱིས་ཀྲུང་ཡོ་ཕན་ཚུན་འཐབ་ཇུས་རོགས་ཟླར་བརྩི་བའི་གཞི་རྩའི་ངེས་གནས་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བརྩི་བཀུར་དང་ཕན་ཚུན་ཁོང་ཡངས། དངོས་བརྩོན་མཉམ་ལས། གཉིས་ཁེ་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱེད་པ། ཀྲུང་ཡོ་འབྲེལ་བ་དེ་ཕྱོགས་གསུམ་པར་དམིགས་གཏད་དང་རྒྱབ་བསྟེན། ཚོད་འཛིན་བཅས་མི་ཐེབས་པ་རྒྱུན་འཁྱོངས་བྱེད་རྒྱུའི་རེ་བ་ཡོད། འཇར་མན་གྱིས་མུ་མཐུད་དུ་ཧུར་ཐག་གི་བྱེད་ནུས་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་མཉམ་དུ་ཀྲུང་ཡོ་འབྲེལ་བ་དེ་རྒྱང་རིང་དང་སྲ་བརྟན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཇར་མན་ཕྱོགས་དང་མཉམ་དུ་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོའི་སྟོབས་ཤུགས་ཉམས་པ་དང་ནམ་ཟླའི་འགྱུར་ལྡོག འབྲུ་རིགས་ཉམས་ཉེན། ནུས་ཁུངས་ཉམས་ཉེན་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དེ་སྔར་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་མཉམ་ལས་སྤེལ་འདོད་ཡོད།
ཧྲི་ཐའེ་དབྱིན་མེར་གྱིས་བསྟན་དོན། ལོ་མཇུག་འདིར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁ་པར་གླེང་མོལ་བྱས་པར་ཧ་ཅང་དགའ་བོ་བྱུང་ཞིང་། ངའི་དྲན་ངོས་སུ་ལོ་བཞིའི་སྔོན་ལ་ཀྲུང་གོར་འཚམ་འདྲིར་ཕེབས་པའི་རྣམ་པ་ནི་ད་རུང་གསལ་ལེར་ཡོད། ད་ལོར་རྒྱལ་སྤྱིའི་གནས་བབ་ལ་རྒྱུན་ལྡན་མ་ཡིན་པའི་འགྱུར་ལྡོག་བྱུང་བ་དང་། འཇར་ཀྲུང་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན། ལོ་ངོ50རིང་། འཇར་ཀྲུང་འབྲེལ་བ་ཉིན་བཞིན་དམ་ཟབ་ཏུ་གྱུར་ཏེ། ནང་དོན་ཕུན་སུམ་ཚོགས་པར་གྱུར་བ་མ་ཟད་མཉམ་ལས་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ནས། ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། འཇར་མན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་འདས་སོང་ལ་སྤྱི་སྡོམ་བྱས་ཏེ་མ་འོངས་པར་འཆར་འགོད་བྱ་རྒྱུ་ཡིན་ཞིང་། ཕན་ཚུན་བརྩི་བཀུར་དང་སྒོ་དབྱེ་ཁོང་ཡངས་ཀྱི་དགོངས་དོན་ལ་གཞིགས་ནས་མུ་མཐུད་དུ་འཇར་ཀྲུང་འབྲེལ་བ་སྔར་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ང་མ་འོངས་པའི་འཇར་ཀྲུང་འབྲེལ་བའི་མདུན་ལྗོངས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འགྲོ་འོང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། རེས་སྐོར་གསར་པའི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་གྲོས་མོལ་དུས་ཐོག་ཏུ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་གྲོས་བསྡུར་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱེད་པ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ། ནུས་ཁུངས་ཉམས་ཉེན་དང་འབྲུ་རིགས་ཉམས་ཉེན། ཐོན་ལས་ཕྲེང་འབྲེལ་གྱི་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པ། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་སྔར་ལས་ཡག་པོ་འཇལ་འདོད་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པར་ལེགས་སྐྱེས་གལ་ཆེན་ཕུལ་བར་བསྔགས་བརྗོད་བྱས་པ་ཡིན་ལ། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད།
ཕྱོགས་གཉིས་ཀས་ད་དུང་ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་གནང་། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཞི་མཐུན་གླེང་མོལ་གྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཉམས་ཉེན་ཡུན་རིང་ཅན་དང་རྙོག་འཛིང་ཅན་དུ་འགྱུར་བ་དེ་ཕྱོགས་སོ་སོའི་ཁེ་ཕན་དང་མི་མཐུན་པར་འདོད་ཡོད། ཀྲུང་གོས་ཡོ་རོབ་ཀྱིས་འཐབ་ཇུས་རང་བདག་མངོན་པར་མཚོན་པར་རྒྱབ་སྐྱོར་བྱས་ཏེ། འདྲ་མཉམ་དང་ནུས་ལྡན། རྒྱུན་མཐུད་བཅས་ཀྱི་ཡོ་རོབ་བདེ་འཇགས་སྒྲོམ་གཞི་འཛུགས་པར་སྣེ་ཁྲིད་བྱེད་པ་དང་། ཡོ་རོབ་གླིང་སྐམ་ས་ཆེན་མོའི་ཡུན་རིང་བདེ་འཇགས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་བྱེད་དགོས། །