ཞི་ཅིན་ཕིང་གིས་ཨའོ་སི་ཁྲི་ལི་ཡའི་ཙུང་ཏུའུ་ཧི་ཨར་ལི་དང་ཙུང་ལི་ཨ་ཨར་པ་ཉི་སི་ལ་གློག་འཕྲིན་བཏང་ནས་ཀྲུང་ཨའོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས། ལི་ཁེ་ཆང་གིས་ཨའོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་སི་ལ་ཕན་ཚུན་བར་གློག་འཕྲིན་བཏང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་སི་ཁྲི་ལི་ཡའི་ཙུང་ཏུའུ་ཧི་ཨར་ལི་དང་ཙུང་ལི་ཨ་ཨར་པ་སི་ཉི་སི་ལ་གློག་འཕྲིན་བཏང་ནས་ཀྲུང་ཨའོ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའོ་ཕྱི་འབྲེལ་བཙུགས་ནས་ལོ་ངོ50རིང་། ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་ལ་ཕུན་སུམ་ཚོགས་པའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུང་ཨའོ་གཉིས་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། ཀྲུང་ཨའོ་འབྲེལ་བ་བདེ་ཐང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་ཞི་བདེ། གཏན་འཇགས། དར་རྒྱས་བཅས་ལ་ཕན་པ་ཡོད། ངས་ཀྲུང་ཨའོ་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཨའོ་སི་ཁྲི་ལི་ཡ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བཟུང་སྟེ། ཕན་ཚུན་བརྩི་བཀུར་དང་གཉིས་ཁེ་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་ཨའོ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་མུ་མཐུད་དུ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
ཧི་ཨར་ལི་ཡིས་བསྟན་དོན། ལོ་ངོ50སྔོན་གྱི་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་དེས་ཨའོ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་བགྲོད་ལམ་ཡག་པོ་བསྐྲུན་པ་དང་། རྒྱལ་ཁབ་གཉིས་ལ་འཕེལ་རྒྱས་དང་གོ་སྐབས་བསྐྲུན་ཡོད། མ་འོངས་པར་ཕྱོགས་ནས། ཨའོ་སི་ཁྲི་ལི་ཡས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ངེས་གནས་བརྩི་སྲུང་བྱས་ཏེ། ཕན་ཚུན་བརྩི་བཀུར་དང་གཉིས་ཕན་གྱི་དགོངས་དོན་ལ་གཞིགས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་གཏན་འཇགས་དང་འཛུགས་སྐྲུན་རང་བཞིན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨའོ་སི་ཁྲི་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་སི་དང་ཕུན་ཚུན་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་། ལི་ཁེ་ཆང་གིས་བསྟན་དོན། ཀྲུང་ཨའོ་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བཟུང་སྟེ། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། ཐུན་མོང་ངང་ཀྲུང་ཨའོ་འབྲེལ་བ་མུ་མཐུད་དུ་བདེ་ཐང་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་བའི་བདེ་སྐྱིད་བསྐྲུན་རྒྱུའི་རེ་བ་ཡོད།
ཨ་ཨར་པ་ཉི་སི་ཡིས་བསྟན་དོན། 1972ལོར་ཙུང་ལི་ཧུའེ་ཐི་ལ་མོའི་མགོ་ཁྲིད་བྱས་པའི་ཨའོ་སི་ཁྲི་ལི་ཡའི་བཟོ་བའི་ཏང་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་བཙུགས་པར་བློ་སྤོབས་དང་མིག་རྒྱང་ལྡན་པ་ཡིན། ཡང་དག་པའི་ཐག་གཅོད་འདིས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་སྟོབས་ལྡན་དང་ཡུན་རིང་། གཉིས་ཁེ་ཡོང་བར་བགྲོད་ལམ་ཡག་པོ་ཞིག་བསྐྲུན་ཡོད། གཏན་འཇགས་ཀྱི་ཨའོ་ཀྲུང་འབྲེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པར་ང་ལ་ཡིད་ཆེས་ཡོད། ངས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གྱི་རྨང་གཞིའི་སྟེང་། ཨའོ་ཀྲུང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད། ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།