ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ཏུའུ་ཧི་ཨར་ལིས་དང་ཙུང་ལི་ཨ་ཨར་པཱ་ཉི་ཟི་ལ་གློག་འཕྲིན་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རིང་ལ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་གཉིས་ཀ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་རྒྱལ་ཁབ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་དེ་རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཡོད། ངས་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས། ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བརྩི་བ་དང་། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་བསྐྲུན་འདོད་ཡོད།
ཧི་ཨར་ལིས་ཀྱིས་བསྟན་དོན། ལོ་ལྔ་བཅུའི་གོང་གི་ལོ་རྒྱུས་རང་བཞིན་གྱི་གཏན་འབེབས་ཀྱིས་ཨོ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ལམ་བུ་ཞིག་བཏོད་དེ་རྒྱལ་ཁབ་གཉིས་པོར་འཕེལ་རྒྱས་དང་གོ་སྐབས་བསྐྲུན་ཡོད། འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ངེས་གནས་ལ་བརྩི་སྲུང་ཞུ་རྒྱུར་མཐའ་གཅིག་ཏུ་གཞོལ་ནས། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་སྙིང་སྟོབས་ལ་གཞིགས་ཏེ། ཀྲུང་གོའི་བར་འཕེལ་རྒྱས་བརྟན་ལྷིང་དང་དགེ་མཚན་ལྡན་པའི་འབྲེལ་བ་བཙུགས་ཡོད།
ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཨ་ཨར་པ་ཉི་ཟི་ལ་གློག་འཕྲིན་བཏང་ནས་བསྟན་དོན། རྒྱལ་ཁབ་གཉིས་ཀས་ཕྱོགས་གཉིས་ཀའི་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བརྩིས་ཏེ། ཁྱབ་ཁོངས་ཁག་གི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་རྒྱུན་མཐུད་དང་བདེ་ཐང་། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་རྒྱུའི་རེ་བ་ཡོད་ཟེར།
ཨ་ཨར་པཱ་ཉི་ཟི་ཡིས་བསྟན་དོན། 1972ལོར་ཙུང་ལི་ཧོས་ཐི་ལཱ་མུའུ་ཡིས་མགོ་ཁྲིད་གནང་བའི་ཨོ་སི་ཁྲུ་ལི་ཡའི་བཟོ་པའི་ཏང་གི་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་འབྲེལ་བ་འཛུགས་པར་བློ་སྟོབས་དང་གཟིགས་རྒྱང་རིང་པོ་དགོས་པ་གཏན་འཁེལ་བྱས་ཡོད། གཏན་འབེབས་ཡང་དག་དེས་རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་ཤུགས་ཆེན་དང་རྒྱུན་སྲིང་། གཉིས་ཕན་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཡོད། བརྟན་ལྷིང་གི་ཨོ་ཀྲུང་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀའི་ཁེ་ཕན་དང་མཐུན་པར་ང་ལ་ཡིད་ཆེས་བརྟན་པོ་ཡོད། ངས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་གཉིས་རྒྱལ་གྱི་རྨང་གཞིའི་སྟེང་དུ། རྒྱལ་ཁབ་གཉིས་ཀའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba