ཞི་ཅིན་ཕིང་དང་ནིའུ་ཟེ་ལན་གྱི་ཙུང་ཏུའུ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ནིའུ་ཟེ་ལན་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་ཕན་ཚུན་ཤིས་འཕྲིན་སྤྲིངས། ལི་ཁེ་ཆང་དང་ནིའུ་ཟེ་ལན་གྱི་ཙུང་ལི་རྣམ་གཉིས་ཀྱིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས།

2022-12-23
9445

  ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ནིའུ་ཟེ་ལན་གྱི་ཙུང་ཏུའུ་ཅི་ལའོ་གཉིས་ཀྱིས་ཕན་ཚུན་ཤིས་འཕྲིན་སྤྲིངས་ནས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས། ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ནིའུ་ཟེ་ལན་གྱི་ཙུང་ལི་ཨ་ཏ་ཨུན་རྣམ་གཉིས་ཀྱིས་ཀྱང་ཕན་ཚུན་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ནིའུ་ཟེ་ལན་ནི་མཉམ་ལས་རོགས་ཟླའི་འབྲེལ་བ་གལ་ཆེན་ཡིན་ལ། ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་བླངས་དང་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད་དེ། ཨང་དང་པོ་མང་པོ་གསར་དུ་གཏོད་ཡོད། ཀྲུང་གོ་དང་ནིའུ་ཟེ་ལན་གྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་པ་དང་། ས་ཁུལ་ཞི་བདེ་དང་བརྟན་བརླིང་། དར་རྒྱས་ཡོང་བར་བྱས་རྗེས་གལ་ཆེན་བཞག་ཡོད། ངས་ཀྲུང་གོ་དང་ནིའུ་ཟེ་ལན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙུང་ཏུའུ་ཅི་ལའོ་དང་མཉམ་དུ་འབད་པ་བྱས་ནས། ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་། འཐབ་ཇུས་འབྲེལ་གཏུག་ཇེ་དྲག་བཏང་ནས། ཀྲུང་གོ་དང་ནིའུ་ཟེ་ལན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་བས་ཕན་ཐོགས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཅི་ལའོ་ཡིས། ནིའུ་ཟེ་ལན་དང་ཀྲུང་གོའི་འབྲེལ་བ་ནི་ནིའུ་ཟེ་ལན་གྱི་ཆེས་གལ་ཆེ་བའི་ཕྱོགས་གཉིས་འབྲེལ་བའི་ཡ་གྱལ་ཞིག་ཡིན་ལ། ནིའུ་ཟེ་ལན་དང་ཀྲུང་གོ་བར་ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ནིའུ་ཟེ་ལན་གྱིས་རྒྱལ་ཁབ་གཉིས་ཀྱི་བར་ལོ་རྒྱུས་ཡུན་རིང་ལྡན་པའི་འགྲོ་འོང་ལོ་རྒྱུས་ལ་གཅེས་སྤྲས་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་བུ་གླིང་ཡོངས་ལ་ཕན་བཏགས་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོས་ཀྲུང་གོ་དང་ནིའུ་ཟེ་ལན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་བཞིན་ཡོད། ནིའུ་ཟེ་ལན་དང་མཉམ་དུ་འབད་པ་བྱས་ནས། ཕྱི་འབྲེལ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་དེ་རྐང་ཚུགས་ས་གསར་པ་ཞིག་བྱེད་པ་དང་། འབྲེལ་གཏུག་ཇེ་དྲག་གཏོང་བ་དང་ཕན་ཚུན་ཡིད་ཆེས་ཇེ་བརྟན་བྱེད་པ། སྤེལ་རེས་རྒྱ་བསྐྱེད། མཉམ་ལས་་ལ་སྐུལ་སྤེལ་བཅས་བྱས་ཏེ། ཀྲུང་གོ་དང་ནིའུ་ཟེ་ལན་བར་གྱི་འབྲེལ་བར་གྲུབ་འབྲས་སྔར་བས་ཆེན་པོ་ཐོབ་འཇུག་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཨ་ཏེ་ཨེན་གྱིས། ནིའུ་ཟེ་ལན་ཀྱིས་ཀྲུང་གོ་ས་ཁུལ་དར་རྒྱས་དང་བརྟན་བརླིང་གི་གྲུབ་ཆ་གལ་ཆེན་ལ་བརྩིས་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་བཅུའི་མཚམས་སུ། ནིའུ་ཟེ་ལན་གྱིས་ཀྲུང་གོ་དང་འབྲེལ་བ་ཇེ་ཡག་དང་། དཔལ་འབྱོར་ཉོ་ཚོང་དང་མི་ཆོས་སོགས་ཁྱབ་ཁོངས་སྤེལ་རེས་ཇེ་ཟབ་ཏུ་བཏང་ནས། ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ཐད་ཀྱི་མཉམ་ལས་སྤེལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

  • 顶