
ཟླ་9ཚེས་30ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ཧན་ཀྲེང་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་རྣམ་གྲངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཚོགས་པའི་འཐུས་མི་དང་མཇལ་འཕྲད་གནང་བཞིན་པ།
ཚེས་30ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་ཚོགས་པའི་འཐུས་མིར་མཇལ་འཕྲད་གནང་བ་དང་འབྲེལ་རྣམ་གྲངས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་སྟེ་C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་ཞིབ་འཇུག་དང་གསར་བཟོའི་ལས་འགན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཀྲུང་གོའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ནམ་མཁར་འཕུར་ཐུབ་པ་བྱེད་པ་དེར་རྒྱལ་ཁབ་ཀྱི་སྙིང་སྟོབས་དང་། མི་རིགས་ཀྱི་ཕུགས་འདུན། མི་དམངས་ཀྱི་རེ་སྒུག་བཅས་འདུས་ཡོད་པས་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པའི་ལེགས་ཆ་གང་ལེགས་བཏོན་ནས་བདེ་འཇགས་དང་སྤུས་ཚད་ཨང་དང་པོར་འཇོག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། འགོ་ཡོད་མཇུག་ཡོད། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ཐད་ཚད་བརྒལ་དེ་བས་ཆེ་བ་ཡོང་བར་བྱེད་པ་དང་། གཞི་ཁྱོན་ཅན་དང་མ་ལག་ཅན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ། བཟོ་སྐྲུན་སྟོབས་ཆེའི་རྒྱབ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བྱེད་སྒོར་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་ཤར་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཤིང་། ཞི་ཅིན་ཕིང་གིས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཁྱེད་ཚོ་ནི་རྒྱལ་ཁབ་ཀྱི་རྐང་འཛིན་པ་དང་དཔའ་བོ་བྱས་རྗེས་འཇོག་མཁན་ཤ་སྟག་རེད། ཁྱེད་ཚོའི་འབད་བརྩོན་འོག་གནམ་གྲུ་ཆེན་པོའི་རྣམ་གྲངས་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། འགག་རྩའི་ལྟེ་བའི་ལག་རྩལ་ལ་དམིགས་ཏེ་མུ་མཐུད་མཉམ་དུ་འགག་སྒྲོལ་བྱེད་དགོས་པ་དང་། བདེ་འཇགས་དང་བློས་འཁེལ་རང་བཞིན་ཨང་དང་པོར་བཞག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་མཐའ་དག་བསལ་ཏེ་གནམ་གྲུ་ཆེན་པོའི་བྱ་གཞག་ངེས་པར་དུ་ཡག་པོ་སྒྲུབ་དགོས་ཞེས་གསུངས་པ་རེད།
དེ་རྗེས་ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཧོ་པེ་ཚོམས་ཆེན་དུ་ཕེབས་ནས་C919འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་རྣམ་གྲངས་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་ཇུས་འགོད་དང་། བཟོ་སྐྲུན། མཁའ་སྐྱོད་ཚོད་ལྟ། འཕུར་སྐྱོད་ཐུབ་མིན་སོགས་འབྲེལ་ཡོད་ངོ་སྤྲོད་གསན་ཞིང་། ཞི་ཅིན་ཕིང་གིས་ཕེབས་ཀྱིན་དུ་གཟིགས་ཞིབ་གནང་བ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་ལམ་བུའི་ཐོག་ང་ཚོས་ཕུགས་ཀྱི་འཐབ་ཇུས་ལ་དམིགས་པ་དང་དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་དམིགས་ཚད་དངོས་གཏན་འཁེལ་བྱེད་པ་དང་། ཡང་དག་པའི་ལག་རྩལ་ལམ་ཕྱོགས་གདམ་ག་བྱེད་པ། ལས་དོན་རེ་རེ་བཞིན་སྒྲུབ་པ། ལས་དོན་ཚང་མ་གཅིག་རྗེས་གཉིས་མཐུད་ངང་ཡག་པོ་སྒྲུབ་པ་བཅས་བྱེད་དགོས་པ་དང་། འཛམ་གླིང་ཚན་རྩལ་གྱི་ཡང་རྩེར་ང་ཚོ་ཚང་མས་དཔའ་ངར་ཆེན་པོས་འཛེག་དགོས་ཞེས་ནན་བཤད་གནང་བ་རེད།
འཕྲིན་སྟེགས། weikangba