
པར་འདི་ནི་ས་གནས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ནན་ཧྥེ་སྲིད་འཛིན་ལ་མཱ་ཧྥུའུ་ས་དང་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་ནན་ཧྥེ་སྲིད་འཛིན་ལ་མཱ་ཧྥུའུ་ས་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ནན་ཧྥེ་གཉིས་ལ་བློ་མཐུན་གྱི་རྨང་གཞི་ཐོག་སྤུན་ཟླའི་མཛའ་བརྩེ་ཡང་ལྡན་པ་ཡིན། ཀྲུང་གོ་དང་ནན་ཧྥེ་ཚང་མ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཏག་ཏག་ཡིན་པས་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནམ་ཡང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་ནན་འབྲེལ་བར་མཐོང་ཆེན་བྱ་རྒྱུ་དང་ནན་ཧྥེ་དང་མཉམ་དུ་ཆབ་སྲིད་ཀྱི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཀྲུང་ནན་བར་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་རྒྱུའི་ལྟེ་བའི་འགན་འཁྲི་གཏན་ཁེལ་བྱས་ཡོད་པས། ཀྲུང་གོའི་འཕེལ་རྒྱས་ཀྱིས་ནན་ཧྥེ་ཚུད་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་མང་པོ་འདོན་སྤྲོད་བྱེད་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནན་ཧྥེ་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དང་། ནན་ཧྥེ་ཡིས་རང་རྒྱལ་ཁབ་ཀྱི་དོན་དངོས་དང་འཚམས་པའི་དེང་རབས་ཅན་གྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོབ། “རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དང“ནན་ཧྥེའི་དཔལ་འབྱོར་བསྐྱར་སྐྲུན་དང་སླར་གསོའི་འཆར་གཞི”གཉིས་སྦྲེལ་མཐུད་ཡོང་བར་ཤུགས་སྣོན། ཉོ་ཚོང་དང་མ་རྩ་གཏོང་བ། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་དུ་སྤེལ་བ། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དེ་ནན་ཧྥེ་ནས་མངོན་པར་བྱེད་པ། ཀྲུང་གོའི་ཁེ་ལས་རྣམས་ནན་ཧྥེ་རུ་མ་རྩ་བཏང་ནས་ཁེ་ལས་རྒྱ་བསྐྱེད་པ། ནན་ཧྥེ་ནས་སྤུས་ལེགས་ཐོན་རྗས་ནང་འདྲེན་བྱེད་པ་བཅས་ལ་ཤུགས་སྣོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སང་ལོར་ནན་ཧྥེས་གསེར་གྱོམ་རྒྱལ་ཁབ་རེས་མོས་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་འཁུར་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནན་ཧྥེ་དང་མཉམ་དུ་ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་དུ་སྤེལ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་ལས་དོན་ལ་མཐུན་སྦྱོར་དམ་ཟབ་བྱ་རྒྱུ་དང་། ཐུན་མོང་ཐོག་གནམ་གཤིས་འགྱུར་ལྡོག་དང་འབྲུ་རིགས་བདེ་འཇགས། ནུས་ཁུངས་བདེ་འཇགས་སོགས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་ཡིན།

པར་འདི་ནི་ས་གནས་དེའི་དུས་ཚོད་ཟླ11པའི་ཚེས15ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་ནས་ནན་ཧྥེ་སྲིད་འཛིན་ལ་མཱ་ཧྥུའུ་ས་དང་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།
ལ་མཱ་ཧྥུའུ་ས་ཡིས་བསྟན་དོན། ངེད་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟུད་མུར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡི་འགན་འཁུར་བར་ཡང་བསྐྱར་རྟེན་འབྲེལ་ཞུ་རྒྱུ་དང་། ཀྲུང་གུང་གི་ཚོགས་ཆེན་ཉི་ཤུ་པ་ལེགས་འགྲུབ་བྱུང་བ་དང་། ཀྲུང་གོའི་འཕེལ་རྒྱས་ལ་གྲུབ་འབྲས་རླབས་ཆེན་ཐོབ་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ནན་ཧྥེ་སོགས་ཧྥེ་གླིང་རྒྱལ་ཁབ་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་བཀག་འགོག་ཐད་རོགས་སྐྱོབ་གནང་བ་མ་ཟད། ཧྥེ་གླིང་རྒྱལ་ཁབ་ལ་བུ་ལོན་གྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཀྲུང་གོ་ནི་ནན་ཧྥེའི་འཐབ་ཇུས་ཀྱི་རོགས་ཟླ་གལ་ཆེན་ཡིན་ལ། ནན་ཧྥེས་མུ་མཐུད་ནས་དོགས་སྣང་སྤུ་ཙམ་ཡང་མེད་པར་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ནན་ཧྥེས་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་དང་ནུས་ཁུངས་བསྒྱུར་སྤོ་བྱས་པའི་ཉམས་མྱོང་ལ་དཔྱད་གཞི་འཛིན་པ་དང་། ཧུར་ཐག་སྒོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཞུགས་པ། ཀྲུང་གོའི་ཁེ་ལས་རྣམས་ནན་ཧྥེ་རུ་མ་རྩ་གཏོང་བའམ་མཉམ་ལས་བྱེད་པར་སྒོ་ཆེན་ཡངས་པོ་ཕྱེས་ཡོད། ནན་ཧྥེ་ཡིས་ཀྲུང་གོ་ཕྱོགས་དང་མཉམ་དུ་གསེར་གྱོམ་རྒྱལ་ཁབ་སོགས་སྣེ་མང་སྒྲོམ་གཞི་འོག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བརྒྱག་འདོད་ཡོད། ཏིན་ཞུའེ་ཞང་དང་ཝང་དབྱི། ཧོ་ལི་ཧྥིན་སོགས་ཐུག་འཕྲད་ལ་ཞུགས།