ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ལི་མའེ་ལའོ་ཉི་ལ་ཐུག་འཕྲད་གནང་བ།

2022-12-12
257

པར་འདི་ནི་ས་གནས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་དབྱི་ཐ་ལིའི་ཙུང་ལི་མའེ་ལའོ་ཉི་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་དབྱི་ཐ་ལིའི་ཙུང་ལི་མའེ་ལའོ་ཉི་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་དབྱི་ཐ་ལི་རྒྱལ་ཁབ་གཉིས་ལག་གདང་མཉམ་སྦྲེལ་སྒོས་པྲོག་གསར་གློ་ཚད་རིམས་ནད་ལ་བཀག་འགོག་དང་། རིག་གནས་དང་ཡུལ་སྐོར་ལོ་ཡི་བྱ་འགུལ་སྤེལ་བ་མ་ཟད། ཀྲུང་གོ་རུ“དབྱི་ཐ་ལིའི་འབྱུང་ཁུངས——གནའ་བོའི་རོ་མའི་ཤེས་རིག་འགྲེམ་སྟོན”གྱི་བྱ་འགུལ་སྤེལ་བ་དེ་རྒྱལ་ཁབ་གཉིས་གྱི་མཛའ་མཐུན་འགྲོ་འོང་མཚོན་པའི་བདེན་དབང་དུ་གྱུར་ཡོད།  ཀྲུང་དབྱི་གཉིས་ནི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཡིན་ལ་ཕན་ཚུན་ཁྱོན་ཡོངས་འཐབ་ཇུས་ཀྱི་རོགས་ཟླ་ཡིན་པས་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་གཏིང་ཟབ་བྱེད་པར་རྨང་གཞི་བརྟན་པོ་ཡོད། ཕྱོགས་གཉིས་ཀྱིས་སྲོལ་རྒྱུན་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་ཐུགས་ཁུར་གནང་བཞིན་པའི་གནད་དོན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱ་རྒྱུ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཐུན་མོང་གི་ངོས་འཛིན་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་རྒྱལ་ཁབ་བར་གྱི་འཕེལ་རྒྱས་འབྲེལ་བ་མིག་དཔེ་རུ་འཛིན་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་སྲིད་གཞུང་ཨུ་ཡོན་ལྷན་ཁང་དང་ཁྱབ་ཁོངས་ཁག་བར་གླེང་མོལ་བྱེད་པའི་སྒྲིག་གཞི་བེད་སྤྱོད་གང་ལེགས་བྱས་ཏེ། བཟོ་སྐྲུན་རྩེ་གྲ་དང་ནུས་ཁུངས་གཙང་མ། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད། ཕྱོགས་གསུམ་པའི་ཚོང་ར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ས་སྔོག་འདོན་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་མཐའ་འཁྱོངས་བྱས་ཏེ་དབྱི་ཐ་ལིའི་སྤུས་ལེགས་ཐོན་རྫས་མང་པོ་ནང་འདྲེན་བྱ་རྒྱུ་དང་། དབྱི་ཐ་ལིས2023ལོའི་ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་སྟོན་ཚོགས་ཀྱི་སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་བར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས2026ལོའི་མུས་ལན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་དམིགས་ནས་གངས་འཁྱགས་ལས་རྩལ་དང་ཐོན་ལས་མཉམ་འབྲེལ་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་མུ་མཐུད་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་ལས་སྟེགས་བརྒྱུད་ནས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། དངོས་དོན་གྱི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ། ལག་གདང་མཉམ་སྦྲེལ་སྒོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སོགས་འགྲན་སློང་གལ་ཆེན་ལ་ཁ་གཏད་གཅོག་འདོད་ཡོད། མིག་སྔའི་གནས་བབ་འོག་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་འབྲེལ་བ་བརྟན་བརླིང་ངང་ཐག་རིང་དུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་སྟབས་དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་བཙན་རང་བདག་གི་ཀྲུང་གོའི་སྲིད་ཇུས་ལག་བསྟར་བྱེད་པར་ནུས་པ་གལ་ཆེན་འདོན་རོགས།

པར་འདི་ནི་ས་གནས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་པ་ལི་གླིང་ཕྲན་དུ་དབྱི་ཐ་ལིའི་ཙུང་ལི་མའེ་ལའོ་ཉི་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད།

མའེ་ལའོ་ཉི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱུང་བར་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། དབྱི་ཐ་ལི་དང་ཀྲུང་གོ་ཚང་མ་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཡིན་པས་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལྡན། དབྱི་ཐ་ལི་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་ལོའི་བྱ་འགུལ་སྒྲུབ་པར་བློ་ཡིད་ཚིམས་ཡོད། རྗེས་ཕྱོགས་མུ་མཐུད་ནས་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དང་རིག་གནས་སོགས་ཁྱབ་ཁྱོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད།  དབྱི་ཐ་ལི་ཕྱོགས་ཀྱིས་དཔུང་ཁག་གི་འགྲན་རྒོལ་ལ་མོས་མཐུན་མི་བྱེད་ཅིང་རྒྱལ་ཁབ་ཕན་ཚུན་བར་གྱི་བར་ཁྱད་དང་འགལ་ཟླ་ལ་བརྩི་འཇོག་དང་། མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་གཏོང་བ། གླེང་མོལ་དང་འགྲོ་འོང་ལ་འབད་བརྩོན། ཕན་ཚུན་བར་རྒྱུས་མངའ་གཏིང་ཟབ་ཏུ་གཏོང་དགོས་པར་འདོད། ཀྲུང་གོ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་། ཨེ་ཤ་ཡ་ནི་གོ་ལ་ཡོངས་ནས་གོ་གནས་གལ་ཆེན་ཟིན་ཡོད་སྟབས། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཀྱི་སྒྲོམ་གཞི་འོག་མཉམ་ལས་དམ་ཟབ་བྱས་ཏེ། དེང་སྐབས་འཛམ་གླིང་གི་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་འགྲན་སློང་སྣ་ཚོགས་ལ་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ཁ་གཏད་འཇལ་རྒྱུའི་རེ་བ་འཆང་ཡོད། ཏིན་ཞུའེ་ཞང་དང་ཝང་དབྱི། ཧོ་ལི་ཧྥིན་སོགས་ཐུག་འཕྲད་ལ་ཞུགས། 

  • 顶 0