སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་འགུལ་རིམ་པ་༧.༠ བྱུང་བར་མཛུབ་སྟོན་གལ་ཆེན་གནང་།

2026-10-23
234

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་འགུལ་རིམ་པ་༧.༠ བྱུང་བར་མཛུབ་སྟོན་གལ་ཆེན་གནང་སྟེ་མི་སྣ་འཚོལ་ཞིབ་དང་སྐྱོབ་ཐབས་ལ་ནུས་ཤུགས་ཡོད་རྒུ་འདོན་དགོས་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ལེགས་པོ་བྱེད་དགོས་པ། མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད། ལི་ཆང་གིས་ཀྱང་མཆན་བཀོད་བཀའ་ལན་གནང་ཡོད།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་༡༠ཚེས་༢༣ཉིན་གློག་འཕྲིན་འབྱོར་གསལ། ཟླ་༡༠ཚེས་༢༢ཉིན་གྱི་ཆུ་ཚོད་༢༢:༣༣ཐོག་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་འགུལ་རིམ་པ་༧.༠བྱུང་བ་ལས་མི་ཤི་རྨས་ཚབས་ཆེན་བཟོས་ཡོད་པ་རེད། ས་འགུལ་དེ་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་ཆེན་པོ་མཛད་ཅིང་མཛུབ་སྟོན་གལ་ཆེན་གནང་དོན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ས་འགུལ་རིམ་པ་༧.༠བྱུང་བ་ལས་མི་ཤི་རྨས་ཚབས་ཆེན་བཟོས་པ་དེར་དམིགས་ཏེ། མི་སྣ་འཚོལ་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་ནད་པ་མྱུར་སྐྱོབ་སྨན་བཅོས་ཡག་པོ་བྱས་ནས་མི་ཤི་རྨས་གྲངས་ཀ་ཉུང་དུ་གཏོང་གང་ཐུབ་བྱ་དགོས། ཞི་ཅིན་ཕིང་གིས་གནོད་ཁུལ་ནི་ས་མཐོ་གྲང་ངར་ཆེ་བའི་ས་ཁུལ་ཡིན་པས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་རོགས་སྐྱོབ་ལས་ཀ་སྒྲུབ་སྟེ། ཞོར་ཐོན་གནོད་འཚེ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས་ཞེས་གསུངས་པ་རེད། དེ་བཞིན་གེགས་སེལ་དངོས་ཟོག་འཕྲལ་མར་དབོར་འདྲེན་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་རྣམས་སྡོད་གནས་བཀོད་སྒྲིག་ལེགས་པོ་བྱེད་པ་དང་རྨང་གཞིའི་སྒྲིག་ཆས་ཉམས་གསོ་གང་མགྱོགས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བར་ཁག་ཐེག་བརྟན་པོ་བྱ་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཀྱང་མཆན་བཀོད་བཀའ་ལན་ནང་དུ། གནས་ཚུལ་རྩད་ཞིབ་གསལ་པོ་བྱས་ཏེ་ཉེན་སེལ་རོགས་སྐྱོར་དང་ནད་བཅོས་སྲོག་སྐྱོབ་ལས་དོན་ཧུར་ཐག་སྤེལ་བ། གནོད་འཚེ་ཕོག་མཁན་གནས་སྤོ་བདེ་འགོད་གང་ལེགས་བྱེད་པ། འབད་བརྩོན་ཆེ་ཤོས་ཀྱིས་མི་ཤི་རྨས་ཇེ་ཉུང་དུ་གཏོང་བ་བཅས་བྱ་དགོས་ཞེས་གསུངས་འདུག ས་འགུལ་འདི་འབྱུང་སའི་ཡུལ་ནི་མཐོ་སྒང་ཡིན་པ་མ་ཟད་འགུལ་འཕྲོ་ཡང་ཡང་འབྱུང་བ་ཞིག་ཡིན་སྟབས། ཛ་དྲག་དོ་དམ་པུའུ་དང་ས་འགུལ་ཅུས་གཉིས་ཀྱིས་འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་དུ་ས་གཤིས་བརྟག་དཔྱད་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁ་འགོག་ཟོན་བྱེད་ཐབས་ཞིབ་ཚགས་ཡོད་པ་བསྒྲུབ་དགོས་ཞེས་བསྟན་ཡོད།

ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་ལྟར་དང་ལི་ཆང་གི་བླང་བྱར་གཞིགས་ནས། ཛ་དྲག་དོ་དམ་པུའུ་ཡིས་ས་གནས་དངོས་སུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་བྱེད་མཁན་ཚོགས་ཆུང་མངགས་ཟིན་པ་མ་ཟད། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྟོབས་ཤུགས་ཡོད་ཚད་འདོན་ནས་ཉེན་སེལ་རྒུད་སྐྱོབ་ལས་དོན་སྒྲུབ་པ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པ་རེད། ད་ལྟ་འགུལ་འགོག་གེགས་སེལ་གྱི་བྱ་བ་མཐའ་དག་གོ་རིམ་ལྡན་ཞིང་བྲེལ་འཚུབ་ངང་སྒྲུབ་བཞིན་པའི་སྒང་ཡིན།


  • 顶