ཟླ་8ཚེས་25ཉིན། ཞིང་ཆེན་ཁྲིམས་འཛིན་ཐིང་གི་ཐིང་ཀྲང་གཞོན་པ་ཝང་པའོ་དང་བཅས་པས་མཛོད་དགེ་རྫོང་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་རྫོང་ཁྲིམས་འཛིན་ཅུས་སུ་ཡུལ་དངོས་རྟོག་ཞིབ་བྱས་ཏེ། ཁྲིམས་སྐྱོང་རིག་གནས་ལྡིང་ཁང་སོགས་ལས་སྟེགས་འཛུགས་སྐྲུན་དང་འཁོར་སྐྱོད་ཀྱི་ཕན་འབྲས་ལ་ལྟ་ཞིབ་བྱས། མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་དང་སྤྱི་བའི་བཅའ་ཁྲིམས་ཞབས་ཞུ་སྒྲུབ་ཚུལ། གཞི་རིམ་ཁྲིམས་སྐྱོང་སྲིད་འཛིན་འཛུགས་སྐྲུན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། རྟོག་ཞིབ་ཚན་ཆུང་སྟག་ཚ་དགོན་དུ་འབྱོར་བ་ན། སྟག་ཚ་ཁྲིམས་འཛིན་སུའོ་ཡི་ལས་དོན་མི་སྣའི་སྣེ་ཁྲོད་འོག་དགོན་པའི་ཁྲིམས་སྐྱོང་རིག་གནས་ལྡིང་ཁང་དང་བཅའ་ཁྲིམས་དཔེ་སྟེགས་བཅས་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས་ཏེ། ཁྲིམས་སྐྱོང་རིག་གནས་ལྡིང་ཁང་འཛུགས་སྐྲུན་དང་དེའི་བྱེད་ནུས་འདོན་ཚུལ། དགོན་པ་རུ་ཁྲིམས་སྒྲོག་པ། ཆོས་ལུགས་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་དྲིལ་སྒྲོག བཅའ་ཁྲིམས་ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།

ལས་སྟེགས་འཁོར་སྐྱོད་དང་བེད་སྤྱོད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ། མཐོ་སྒང་གི་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས་ཁྲིམས་སྐྱོང་རིག་གནས་ལྡིང་ཁང་བསྐྲུན་པ་དང་། ཡུལ་བབ་དང་བསྟུན་ནས་ཁྲིམས་ལུགས་ཁྱབ་གདལ་སློབ་གསོ་སྤེལ་སྟངས་ལ་གདེང་འཇོག་ལེགས་པོ་གནང་། དགོན་སྡེ་རུ་ཁྲིམས་སྒྲོག་བྱེད་སྒོ་གང་མང་སྤེལ་བ་དང་། ད་ཡོད་ཀྱི་ཁྲིམས་སྐྱོང་རིག་གནས་ཀྱི་ལས་སྟེགས་བེད་སྤྱོད་ཡག་པོ་བྱས་ནས། གྲྭ་བཙུན་གྱི་ཁྲིམས་སྐྱོང་འདུ་ཤེས་ལེགས་པོ་བསྐྱེད་དེ་ཆོས་ལུགས་ཁྱབ་ཁོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་སུ་རྟོག་ཞིབ་ཚན་ཆུང་གིས་རྫོང་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་འཛིན་གྱི་ལས་ཀའི་སྙན་ཞུར་ཉན། སྤྱི་བའི་བཅའ་ཁྲིམས་ཞབས་ཞུའི་གཅིག་འཐུས་རྣམ་པའི་ལས་སྟེགས་དང་། ཁྲིམས་འཛིན་ཅུས་ཀྱི་གཙོ་གནད་ལས་དོན་དང་ཁྲིམས་སྐྱོང་དྲིལ་སྒྲོག་ཐོན་རྫས་ལྟ་ཞིབ་བྱས། འགལ་བ་འདུམ་འགྲིག་དང་བཅའ་ཁྲིམས་རོགས་སྐྱོར། སྡེ་ཁུལ་དོ་དམ། བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་ལྟར་བཅོས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་ལས་ཀའི་ཁྲོད་ཀྱི་དཀའ་གནད་དབྱེ་ཞིབ་དང་ཐག་གཅོད་ཀྱི་ཐབས་ལམ་སྟོན། རྗེས་སོའི་ལས་དོན་ལ་བྱེ་བྲག་གི་མཛུབ་ཁྲིད་བསམ་འཆར་བཏོན། དེ་རྗེས་རྟོག་ཞིབ་ཚན་ཆུང་ཐང་སྐོར་གྲོང་རྡལ་གྱི་སོག་ཚང་དགོན་དུ་ཕྱིན་ནས་དགོན་པའི་བཅའ་ཁྲིམས་དྲིལ་སྒྲོག་དང་བཅའ་ཁྲིམས་ཞབས་ཞུའི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་བྱས། ལས་དོན་མི་སྣར་འབྲོག་ཁུལ་གྱི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གཞི་རིམ་གྱི་ཁྲིམས་སྐྱོང་ཞབས་ཞུ་ཡག་པོ་བསྒྲུབ་དགོས་ལ། ཁྲིམས་སྐྱོང་སྲིད་འཛིན་གྱི་ལས་ཀ་དམངས་ཚོགས་དང་ཉེ་བར་བཅར་དགོས་པའི་སྐུལ་མ་བཏང་།



རྟོག་ཞིབ་ཚན་ཆུང་གིས་མཛོད་དགེ་ཡིས་མཐོ་སྒང་གི་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞིགས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་སྒོས་གཞི་རིམ་གྱི་སྲིད་འཛིན་སུའོ་ཚད་ལྡན་འཛུགས་སྐྲུན་དང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་ཀྱི་ཁྲིམས་སྐྱོང་རིག་གནས་ལས་སྟེགས་ཡག་པོ་བསྐྲུན་དགོས། འབྲོག་ཁུལ་གྱི་སྤྱི་བའི་བཅའ་ཁྲིམས་ཞབས་ཞུ་ཡག་པོ་བསྒྲུབ་ནས་འགལ་བ་འདུམ་འགྲིག་བྱས་ཏེ་རྩོད་གཞི་སེལ་དགོས་ལ། བཅའ་ཁྲིམས་དགོན་སྡེ་དང་འབྲོག་ཁུལ་དུ་སྒྲོག་ཐེངས་ཇེ་མང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་ཁྲིམས་འཛིན་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བཞིན་ས་གནས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཆམ་མཐུན་བརྟན་འཕེལ་ལ་ཁྲིམས་སྐྱོང་གི་འགན་སྲུང་བྱ་དགོས་པ་ནན་གྱིས་བསྟན།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
འཕྲིན་སྟེགས། weikangba