
ཟླ་8ཚེས་25ཉིན། G317ལྷ་ལམ་མཛད་རྗེས་མནའ་འབྲེལ་(གཤམ་དུ་“མནའ་འབྲེལ་”ཞེས་བསྡུ་རྒྱུ་)དེ་དཀར་མཛེས་ཁུལ་སྡེ་དགེ་རྫོང་དུ་དངོས་སུ་བཙུགས་ཡོད། ཁྲོན་བོད་ལམ་རྒྱུད་ཀྱི་སི་ཁྲོན་གྱི་སྡེ་དགེ་དང་གསེར་རྟ། བྲག་འགོ དཀར་མཛེས། ཉག་རོང་། སེར་ཤུལ། དཔལ་ཡུལ་བཅས་དང་བོད་ལྗོངས་ཀྱི་འཇོ་མདའ་སོགས་རྫོང་ཁོངས་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བསྐྲུན་པའི་ས་ཁོངས་ལས་བརྒལ་བའི་རིག་གནས་ཡུལ་སྐོར་གྱི་མཉམ་ལས་སྟེགས་བུ་ཞིག་ཡིན་པའི་ངོས་ནས། དེའི་དམིགས་ཡུལ་ནི་རྒྱལ་ལམ་317ལམ་རྒྱུད་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀག་རྒྱ་གཏོར་ནས་ཁྲོན་བོད་ཀྱི་ལམ་ཐིག་བྱང་མའི་ས་ཁོངས་ལས་བརྒལ་བའི་རིག་གནས་ཡུལ་སྐོར་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་ཞིག་གཏོད་རྒྱུ་དེ་རེད། རྒྱལ་ལམ་317ནི་ཁྲོན་བོད་འབྲེལ་མཐུད་བྱེད་པའི་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ཞིག་དང་། དཔལ་འབྱོར་གྱི་བར་ཁྱམས་ཆེན་པོ་ཞིག རིག་གནས་ཀྱི་འབྲེལ་ཐག་རིང་པོ་ཞིག མི་རིགས་མཐུན་སྒྲིལ་གྱི་བགྲོད་ལམ་ཆེན་པོ་ཞིག་བཅས་ཡིན་ལ། མིང་དོན་མཚུངས་པའི་“མཛད་རྗེས་ལམ་བུ་”ཞིག་ཀྱང་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མནའ་འབྲེལ་དེ་ནི་སྡེ་དགེ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གྲོས་འགོ་བཏོན་པ་ཞིག་ཡིན་པ་དང་། ཁོངས་གཏོགས་སུ་མིག་སྔར་ཁྲོན་བོད་ཀྱི་རྫོང་ཁོངས་བརྒྱད་ཚུད་ཡོད་པ་དང་།《རྒྱལ་ལམ་317གྱི་”ལྷ་ལམ་མཛད་རྗེས་མནའ་འབྲེལ་”མཉམ་སྐྲུན་མཉམ་འགུལ་གྱི་འཕེལ་རྒྱས་གྲོས་མཐུན་》ལ་མིང་རྟགས་བཀོད་ཡོད་ཅིང་། དེའི་དམིགས་ཡུལ་ནི་མཉམ་འགུལ་མཉམ་ལས་བྱས་པ་བརྒྱུད་དེ་སྔའི་རྫོང་ཁོངས་ཀྱི་རིག་གནས་ཡུལ་སྐོར་རང་ཉིད་ཁེར་རྐྱང་ངང་འཕེལ་རྒྱས་གཏོང་བའི་འགག་གནད་སེལ་རྒྱུ་དེ་ཡིན། མནའ་འབྲེལ་གྱིས་“སྤུས་རྟགས་མཉམ་གཏོད་དང་། ལམ་ཐིག་མཉམ་སྦྲེལ། ཚད་གཞི་མཉམ་སྐྲུན། ཁེ་ཕན་མཉམ་སྤྱོད། འབྱུང་ཁམས་མཉམ་སྲུང་”བཅས་མཉམ་འགུལ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་ཆེན་པོ་ལྔ་གཏན་འཁེལ་བྱས་ཡོད། ཉིན་དེར། མནའ་འབྲེལ་གྱིས་ད་དུང་དུས་མཉམ་དུ་མནའ་འབྲེལ་གྱི་སྤུས་རྟགས་མ་ལག་ཁྱབ་བསྒྲགས་བྱས་པ་སྟེ། “ཚེ་འདིར་ངེས་པར་དུ་རྒྱལ་ལམ་317ཐོག་བསྐྱོད་”ཅེས་པའི་LOGOགཙོ་བོ་དང་“317ལྷ་ལམ་གྱི་མཛད་རྗེས་མནའ་འབྲེལ་”གྱི་ཡན་ལག་IPམཚོན་རྟགས་དངོས་སུ་བཏོན་ཡོད། དེ་དང་ཆབས་ཅིག མནའ་འབྲེལ་གྱིས་ད་དུང་ས་ཁོངས་ཡོངས་ཀྱི་མཉམ་འབྲེལ་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཞི་བཏོན་པ་སྟེ། གསར་བརྗེའི་མཛད་རྗེས་ཞིབ་སློབ་ལམ་ཐིག་དང་། ཁམས་པའི་རིག་གནས་གཏིང་ཟབ་ལམ་ཐིག ས་མཐོའི་འབྱུང་ཁམས་གནས་མཆོག་ལམ་ཐིག མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་ལམ་ཐིག་བཅས་རེད། སྡེ་དགེ་རྫོང་གིས་དུས་གཅིག་ཏུ་“གསར་བརྗེའི་སྡེ་དགེ་དང་རྟེན་རྫས་བཤམས་མཛོད་ཁང་གི་གྲོང་ཁྱེར། མཚེའུ་བརྒྱའི་གྲོང་ཁྱེར་”བཅས་གྲོང་ཁྱེར་གྱི་མིང་བྱང་གསུམ་གཙོ་གནད་དུ་འོས་སྦྱོར་བྱས་ཡོད།
སྡེ་དགེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡེ་ཤེས་ཚེ་རིང་གིས། མནའ་འབྲེལ་བཙུགས་པ་ནི་འགོ་འཛུགས་ས་ཡིན་པ་ལས་མཇུག་འགྲིལ་ས་མིན་པ་དང་། ལག་གདང་སྦྲེལ་བ་ལས་ཁེར་བགྲོད་བྱ་རྒྱུ་མིན་ཞེས་དང་། འབྱུང་འགྱུར་མནའ་འབྲེལ་གྱི་ཁོངས་གཏོགས་ནས་ལམ་དེ་སྨྱན་སྦྱོར་དང་མནའ་འབྲེལ་གན་རྒྱར་བརྩིས་ནས། རྒྱལ་ལམ་317དེ་“མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ཁུལ་དང་། གསར་བརྗེའི་རིག་གནས་རྒྱུན་འཛིན་ཁུལ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཐོན་ལས་ཁུལ། ས་མཐོའི་འབྱུང་ཁམས་སྲུང་སྐྱོང་ཁུལ་”བཅས་སུ་འཛུགས་སྐྲུན་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག ལམ་རྒྱུད་ཀྱི་རྫོང་ཁོངས་ཕན་ཚུན་སྦྲེལ་མཐུད་དང་ཐོན་ཁུངས་མཉམ་སྤྱོད། ལེགས་ཆ་གསབ་རེས་བཅས་གཏིང་ཟབ་ཏུ་བཏང་ནས། རིག་གནས་ཡུལ་སྐོར་གྱི་རྩོམ་ཡིག་མཉམ་འབྲི་དང་ས་ཁོངས་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་རྒྱལ་ལམ་317ལམ་རྒྱུད་དེ་མི་རིགས་མཐུན་སྒྲིལ་གྱི་དཔེ་སྟོན་ལམ་བུ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ལེགས་ལམ་བུ། དམངས་འཚོ་བདེ་སྐྱིད་ཀྱི་དར་རྒྱས་ལམ་བུ་བཅས་སུ་བསྐྲུན་རྒྱུ་ཡིན་ཞེས་བརྗོད་ཡོད།
འཕྲིན་སྟེགས། weikangba