【གཏམ་རྒྱུད་གཡུ་ཡི་ཕྲེང་བ།】རྒན་སྐྱོང་གི་སྐྱེད་ཚལ་དུ་གཞན་ཕན་གྱི་འདབ་བརྒྱ་ལྷུག་པོར་གྲོལ།

2026-08-27
325
རྒན་སྐྱོང་གི་སྐྱེད་ཚལ་དུ་གཞན་ཕན་གྱི་འདབ་བརྒྱ་ལྷུག་པོར་གྲོལ།

རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི་བཀྲ་ཤིས་དབང་མོའི་ལོ་ངོ་བཅུ་བདུན་རིང་གི་རྒན་སྐྱོང་གི་གནས་ཚུལ་བཀོད་པ།

   ཕྱི་སྣོད་ཀྱི་འཇིག་རྟེན་ལ་གཡུར་ཟའི་འབྲས་བུ་སྨིན་པའི་སྟོན་ཟླ་བརྒྱད་པར། འབར་ཁམས་གྲོང་ཁྱེར་གྱི་རི་ལུང་ཐང་གསུམ་དུ་བསུང་ངད་བསྣམས་པའི་བསིལ་རླུང་གང་སར་ལྡང་ཞིང་། ཁྲི་གདུགས་ཉི་མའི་འོད་སྣང་རྒན་གསོ་ཁང་གི་ཁང་ཁྱིམ་དུ་འཕྲོས་པ་དང་། ཡུལ་འདིའི་ཐུན་མིན་གྱི་ཁྱད་ཆོས་མ་ཉམས་པའི་རྡོ་བརྩིགས་ཁང་བའི་ར་སྐོར་དུ་མགོ་སྐྲ་དུང་ལྟར་དཀར་ཞིང་གདོང་ཡོངས་སུ་གཉེར་མའི་རླབས་རིས་ཆགས་པའི་ལོ་ལོན་ཚོས་འདས་སོང་གི་ལོ་ཟླ་གླེང་བཞིན་ཕྱིར་དྲན་བྱེད་བཞིན་གདའ། རྒྱལ་ཡོངས་ཀྱི་མི་དམངས་འཐུས་མི། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་བཀྲ་ཤིས་དབང་མོས་ལོ་ངོ་བཅུ་བདུན་གྱི་ལོ་ཟླའི་འཁོར་སྐྱོད་ཁྲོད་ནས་ཁེར་རྐྱང་དུ་ལུས་པའི་ལོ་ལོན་ཚོ་ལ་ཟས་ཀྱི་ཕུད་བྱིན་ཅིང་། གོས་ཀྱི་རྩེ་གཡོགས་པ་སོགས་རྒན་སྐྱོང་གི་ལས་དོན་ལ་ཤ་ཐང་རུས་ཐང་གིས་འབད་བརྩོན་བྱས་དང་བྱེད་ཀྱིན་ཡོད།    

ཉི་མའི་འོད་ཀྱིས་སྐྱེད་ཚལ་སྐྱོང་བ་བཞིན།།

གཞན་ཕན་ལས་ཀྱིས་རྒན་པ་ཚུལ་བཞིན་བསྐྱངས།།

   ཞོགས་པའི་སྐྱ་རེངས་བུ་མོ་ཤར་ཕྱོགས་རི་བོའི་རྩེ་ནས་དལ་གྱིས་འཛུམ་པ་ན། རི་སྐེད་དུ་ན་བུན་ལང་ལོང་དུ་འཐིབས་པ་དང་། གྲལ་བསྟར་བསྒྲིགས་པའི་ཁང་བརྩེགས་སོ་མང་ཆུ་བོའི་ལྷུང་ལྷུང་གི་བཞུར་སྒྲ་ལ་ཉན་བཞིན་ཁུམ་སིམ་མེར་གནས་ནའང་། ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་རྒན་སྐྱོང་གི་ལས་ལ་འབད་པའི་བཀྲ་ཤིས་དབང་མོ་རྒན་སྐྱོང་ཁང་གི་ཁང་མིག་རེ་རེར་སོང་ནས་ལོ་ལོན་ཚོའི་གཟུགས་པོའི་བདེ་ཐང་དང་། མཚན་མོ་གཉིད་ཁུགས་ཡོད་མེད་ཀྱི་གནས་ཚུལ་སོགས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་ལ་རྒྱུས་ལོན་ཞིབ་མོར་བགྱིས་པར་མ་ཟད། ཉིན་ཞག་གཅིག་གི་ཟས་གོས་གནས་མལ་གྱི་སྤྱོད་ལམ་རེ་རེ་བཞིན་ཁ་འཁོབ་འཁོབ་དང་། མིད་ཐག་སྐམ་སྐམ་གྱི་ངང་ནས་དྲན་སྐུལ་བྱས། བཀྲ་ཤིས་དབང་མོས་མིག་ཟུང་མཆི་མའི་བརླན་བཞིན་བཤད་རྒྱུར། གནས་འདི་ནི་ཁོ་མོའི་ཁྱིམ་ཡིན་པ་དང་ལོ་ལོན་ཚོ་ནི་ཁོ་མོའི་བཟའ་མི་ཡིན། ཁོ་མོ་པེ་ཅིང་དུ་གཟེངས་བསྟོད་ཀྱི་བདག་རྐྱེན་ལེན་དུ་འགྲོ་བའི་སྐབས་སུ། ལོ་ལོན་ཚོས་ཉིན་ལྟར་ང་ལ་ཁ་པར་བཏང་ནས་སེམས་ཁུར་ཚད་མེད་བྱས་སོང་། མི་དང་མིའི་བར་གྱི་བརྩེ་བ་ནི། ཉིན་རྒྱུན་གྱི་བྱ་བ་ཙག་ཙིག་ལས་ཤེས་ཐུབ་པ་ལྟར། བཀྲ་ཤིས་དབང་མོའི་གནས་ཚུལ་བརྙན་འཕྲིན་སོགས་གསར་འགྱུར་ལེ་ཚན་དུ་གཏོང་དུས། ལོ་ལོན་ཚོ་མ་གྲོས་གཅིག་མཐུན་གྱིས་བསྟར་དུ་བསྒྲིགས་ནས་བརྙན་འཕྲིན་གྱི་འཆར་ངོས་སུ་མིག་འབུར་ཚུགས་སུ་བལྟས་ནས་འདུག་པ་དང་། ལོ་ལོན་ཚོའི་མིག་ལམ་དུ་གསལ་ལེར་མངོན་ཡོང་བ་ནི་བཀྲ་ཤིས་དབང་མོའི་བཅོས་མིན་གྱི་བརྩེ་བ་དང་ཡལ་མེད་ཀྱི་སྤོབས་པ་ཡིན། དེ་ལྟར་ལོ་ཟླའི་འཁོར་སྐྱོད་ཁྲོད་ནས་ལོ་ལོན་ཚོས་བཀྲ་ཤིས་དབང་མོར་རང་གི་ཤ་ཁྲག་ལས་མཆེད་པའི་བུ་མོ་ལྟར་གཅེས་སྤྲས་བྱེད་དེ། ནམ་རྒྱུན་ཡང་ཀུན་གྱིས་མོ་ལ་བུ་མོ་ཞེས་འབོད།  

   བཀྲ་ཤིས་དབང་མོ་ན་རེ། ཁོ་མོས་ལས་ཀ་འཕར་མ་བསྒྲུབས་པའི་སྐབས་སུ། ལོ་ལོན་ཚོས་བཙོས་པའི་འབྲས་ཆན་དང་བརྔོས་པའི་ཚོད་མ་སོགས་ཁ་ཟས་དྲོན་མོ་གཞུང་ལས་ཁང་དུ་བསྐྱལ་ནས་ཡོང་། ལོ་ངོ་བཅུ་བདུན་རིང་གི་རྒན་གསོའི་ལམ་བུ་ནི་རྔུལ་ཁྲག་གིས་བསྐྲུན་པའི་ལམ་བུ་ཞིག་དང་། བརྩེ་བ་ཡོད་ཚད་ལོ་ལོན་ཚོ་ལ་ཕངས་མེད་དུ་བྱིན་པའི་ལོ་ཟླ་ཞིག་ཅི་ལ་མིན།

   སྔོན་ཆད། བཀྲ་ཤིས་དབང་མོའི་ལུས་པོའི་ལྗིད་ཚད་ལ་རྒྱ་མ་120ཡོད་ནའང་། ཉིན་ལས་ཉིན་ཐུང་ཞིང་མཚན་ལས་མཚན་ཐུང་བར་བྱས་ནས་རྒན་སྐྱོང་གི་ལས་ལ་ཆེས་ཆེར་འབད་པའི་རྐྱེན་གྱིས། ད་ལྟ། མོ་རང་གི་ལུས་པོའི་ལྗིད་ཚད་ལ་རྒྱ་མ་བརྒྱ་ཙམ་ལས་མེད། ཡིན་ན་ཡང་། སྔར་བཞིན་ཉིན་མཚན་ཁོར་མོ་ཡུག་ཏུ་རྒན་གསོའི་ལས་འགན་ཆེ་མ་ཆུང་གསུམ་ཕྲག་ཏུ་འཁུར་བཞིན་ཡོད། འབར་ཁམས་གྲོང་ཁྱེར་གྱི་གདོང་བརྒྱད་ཡུལ་ཚོའི་ཝང་སན་ལའེ་དགུང་ལོ་76ཡིན་པ་དང་། ཁོང་བཟའ་ཟླ་གཉིས་ལ་བུ་དང་བུ་མོ་གཅིག་ཀྱང་མེད་པས། རྒན་སྐྱོང་ཁང་དུ་ཡོང་ནས་ལོ་ཧྲིལ་བོ་བཅུ་དྲུག་ལྷག་ཟིན། ཝང་སན་ལའེ་ན་རེ། ངེད་བཟའ་ཟླ་གཉིས་ཀར་རྟེན་ས་ཆགས་ས་གང་ཡང་མེད་པས། ཚེ་མཇུག་ཏུ་སེམས་ཁུར་ཆེས་ཆེ་བ་ནི་བདག་སྐྱོང་བྱེད་མཁན་མེད་པར་འཆི་དགོས་པ་དེ་ཡིན། ཡིན་ནའང་། བསམ་ཡུལ་འདས་པ་ཞིག་ལ། རྒན་སྐྱོང་ཁང་དུ་འཚོ་བ་བསྐྱལ་བ་ནས་བཟུང་སྟེ། ངེད་གཉིས་ཀྱི་འཚོ་བ་སྐྱིད་ཀྱིས་ཁེངས་ཤིང་། ལོ་ལོན་དུས་བདག་སྐྱོང་བྱེད་མཁན་ཡོད་པར་མ་ཟད། རྟེན་ས་དང་ཆགས་ས་ཡོད་པའི་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་ཐུབ་པར་གྱུར། ཞེས་འཛུམ་དམུལ་དམུལ་གྱིས་དེ་སྐད་བཤད། འབར་ཁམས་གྲོང་ཁྱེར་གྱི་སོ་མང་ཡུལ་ཚོའི་ལྷ་མོ་འཚོ་དགུང་ལོ་81ཡིན་པ་དང་། རྒན་སྐྱོང་ཁང་དུ་ཡོང་ནས་ལོ་ཧྲིལ་བོ་བཅུ་གཅིག་ལྷག་ཟིན། སྤྱིར་གྲོགས་མེད་ཁེར་རྐྱང་དུ་ལུས་པའི་བགྲེས་སོང་གི་ལོ་ཟླ་ནི་དཀའ་སྡུག་གི་ལོ་ཟླ་ཞིག་ཡིན་ཀྱང་། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་ཉི་མ་འོད་པོ་ཆེས་ལོ་ལོན་ཚོའི་དཀའ་སྡུག་གི་ལོ་ཟླ་ཕ་མཐར་བསྐྲད་དེ། ཚེ་མཇུག་གི་ཞིང་སར་ལུས་བདེ་སེམས་སྐྱིད་ཀྱི་མེ་ཏོག་ལྷུག་པོ་གྲོལ་བར་བྱས།

ཆུ་བོའི་དྭངས་སྙིགས་ཀེ་ཏ་ཀ་ཡིས་འབྱེད་པ་བཞིན།།

རྒན་སྐྱོང་ལས་ཀའི་དཀའ་ཁག་བློ་དང་རིག་པས་སེལ།། 

   བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་ས་རྒྱ་ཆེ་ཞིང་རི་བོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བ། འགྲིམ་འགྲུལ་སྟབས་བདེ་མིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱིས། རྒན་སྐྱོང་ཁང་གི་སྨན་བཅོས་སོགས་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཞན་པ་དང་། རྒན་སྐྱོང་ཁང་དུ་ཡོད་པའི་ལོ་ལོན་ཚོའི་དགུང་ལོ་མཐོ་ཞིང་ནུས་པ་ཞན་པ། ལོ་ལོན་མང་ཆེ་བར་གཅོང་ནད་ཕོག་ཡོད་པས། རྟག་པར་བདེ་ཐང་སྐོར་གྱི་ལྟ་ཞིབ་ཚད་ལེན་བྱེད་དགོས་པར་མ་ཟད། སྨན་བཅོས་ཡང་བཅོས་སོགས་ཀྱི་ལས་རིམ་མང་བོ་བྱེད་དགོས། གྲོང་ཁྱེར་དང་བར་ཐག་རིང་བའི་རྒན་སྐྱོང་ཁང་དུ་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ཉུང་བས། ནད་གཞི་ཡང་མོ་ནར་འགྱང་བྱས་པ་དང་། ནད་གཞི་ལྕི་མོ་བཟོད་བསྲན་བྱས་ནས་འདུག་དགོས་བྱུང་ཡོད། ཡིན་ན་ཡང་། བཀྲ་ཤིས་དབང་མོས་ཡིད་སྐྱོ་བའི་གནས་བབ་འདི་དག་སེམས་ཀྱིས་མ་བཟོད་པར། གོང་རིམ་གྱི་འབྲེལ་ཡོད་ལས་ཁུངས་དག་ཏུ་སོང་སྟེ། མི་རིགས་ས་ཁུལ་གྱི་རྒན་སྐྱོང་ཁང་གི་དཀའ་ཁག་དངོས་ལ་རྐང་བཙུགས་ནས་གྲོང་ཁྱེར་དང་གྲོང་རྡལ་བཅས་ཀྱི་སྨན་ཁང་དང་མཉམ་འདྲེས་བྱས་ཏེ། དུས་བཅད་ལྟར་ཆེད་མཁས་སྨན་པ་རྒན་སྐྱོང་ཁང་དུ་ཡོང་ནས་ལོ་ལོན་ཚོར་ལུས་པོ་བརྟག་དཔྱད་དང་། མཁོ་བསྟུན་སྨན་བཅོས་བྱེད་པ། གཅོང་ནད་འགོག་བཅོས་སོགས་རིན་མེད་དུ་ཞབས་ཞུ་བསྒྲུབ་དགོས་པའི་རེ་འདུན་རབ་དང་རིམ་པ་བཏོན། གཞན་དུ་ན། ཤེས་ལྡན་མི་སྣ་དང་ཞབས་ཞུའི་རུ་དཔུང་གི་སྟོབས་ཤུགས་འཛོམས་རྒྱུ་ནི། རྒན་སྐྱོང་ཁང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བའི་རྩ་བ་ཡིན་མོད། འོན་ཀྱང་། འབར་ཁམས་གྲོང་ཁྱེར་གྱི་གཞི་རིམ་རྒན་སྐྱོང་ཁང་གི་ཞབས་ཞུ་བའི་ལོ་ཆེ་ཞིང་ཞབས་ཞུ་རིག་པའི་ཆུ་ཚད་དམའ་བ། ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་མངོན་གསལ་དོད་པོ་ཡིན།    

   མིག་སྔར། རྒན་སྐྱོང་ཁང་གི་ཞབས་ཞུ་བ་བྱིངས་ཀྱི་ལོ་ཆེ་ཡང་། ཁོ་ཚོ་ལ་ལོ་ངོ་བཅུ་ལྷག་གི་རྒན་སྐྱོང་གི་ཉམས་མྱོང་འཛོམས་པོ་ཡོད་པས། དཀའ་ཁག་ཡོད་ཚད་ཁྱད་དུ་བསད་ནས་གང་བརྩམས་བྱ་བ་ཐམས་ཅད་འབད་པས་བསྒྲུབས་ཏེ། ལོ་ལོན་བྱམས་ཀྱིས་བསྐྱངས་ཤིང་བརྩེ་བས་གཉོར། འདི་ནི་གཞི་རིམ་རྒན་སྐྱོང་ཁང་གི་ལས་ཀའི་སྟོབས་ཤུགས་གཙོ་བོ་ཡིན། ཞབས་ཞུ་བ་རྣམས་ལ་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་ཀྱང་། རིག་གནས་ཀྱི་ཆུ་ཚད་དང་བསླབ་གནས་དམའ་བས་སྤྱི་ཚོགས་ཀྱི་གདེང་འཇོག་མེད་ཅིང་། ཟླ་ཕོགས་དམའ་བ་སོགས་ཀྱི་སྣང་ཚུལ་རྒྱུན་ལྡན་དུ་གྱུར་ཡོད། ལྷག་པར་དུ། གཞི་རིམ་གྱི་ཆ་རྐྱེན་ཞན་པས་བསླབ་གནས་མཐོ་བའི་གཞོན་སྐྱེས་ཤེས་ཡོན་པ་རྒན་སྐྱོང་གི་ལས་རིགས་ལ་འཇུག་མི་འདོད་པའི་རྐྱེན་གྱིས། ཤེས་ལྡན་མི་སྣ་དགུན་དུས་ཀྱི་མེ་ཏོག་ལྟར་དཀོན་པའི་གནད་དོན་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་མངོན་གསལ་དོད་པོར་གྱུར། བཀྲ་ཤིས་དབང་མོས་ཡིད་ཆེས་དང་སྤོབས་པ་ཆེན་པོའི་སྒོ་ནས། གནད་དོན་འདི་དག་ལ་དམིགས་ནས་མོ་གོང་རིམ་གྱི་ལས་ཁུངས་དག་ཏུ་སོང་ནས་གནད་དོན་མ་ལུས་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱས་པ་དང་། གོང་རིམ་ལས་ཁུངས་ཀྱིས་དེ་ལ་དེ་བསྟུན་གྱི་སྒོ་ནས་རྒྱབ་སྐྱོར་བླ་མེད་བྱས་པ་ཡིན་ཟེར།   

རང་གི་མིག་འབྲས་བསྲུངས་པ་བཞིན།།

རྒན་སྐྱོང་ལས་ཀ་ཁོ་ནར་འབད།།

   སྔོན་ཆད། གཞི་རིམ་གྱི་རྒན་སྐྱོང་ལས་ཀ་ནི་འཕེལ་མེད་གྲག་མེད་དང་། མི་གཞན་གྱིས་དོ་སྣང་གཏན་ནས་མི་བྱེད་པར་མ་ཟད། ཐ་ན། རྒན་སྐྱོང་གི་ལས་ཀ་ནི་ངོ་གནོང་དགོས་པའི་ལས་ཀ་ཞིག་ཏུའང་རྩིས་ཡོད། བཀྲ་ཤིས་དབང་མོས་ཁེངས་བསྐྱུངས་ཀྱི་སྒོ་ནས་ང་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་གཟེངས་བསྟོད་ཐོབ་པ་ན། སྨྲ་བསམ་བརྗོད་འདས་ཀྱི་དགའ་སྤྲོ་ཚད་མེད་སྐྱེས། འདི་ནི་ཏང་དང་སྲིད་གཞུང་གིས་ཁོ་མོར་གནང་བའི་ཡིད་ཆེས་དང་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཅི་ལ་མིན། གཟེངས་བསྟོད་འདི་ནི་ཁོ་མོ་གཅིག་པུའི་མ་ཡིན་པར། རྒྱལ་ཁབ་ཀྱིས་གཞི་རིམ་གྱི་རྒན་སྐྱོང་ལས་ཀར་མཐོང་ཆེན་དང་། གཞི་རིམ་གྱི་རྒན་སྐྱོང་ཁང་གི་ཞབས་ཞུ་བའི་ལས་ཀར་གདེང་འཇོག་ཆེན་པོ་གནང་བ་ཞིག་ཀྱང་ཡིན་ཞེས་བཤད། དེ་ལྟར་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཆེས་སྤྱིར་བཏང་གི་རྒན་སྐྱོང་གི་ལས་ཀ་ལ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་གདེང་འཇོག་དང་དོ་སྣང་ཆེན་པོ་ཐོབ་ཅིང་། རྒན་སྐྱོང་གི་ལས་དོན་ནི་གཞན་ཕན་གྱི་ལས་དོན་ཞིག་དང་སྤོབས་པ་སྐྱེ་དགོས་པའི་ལས་དོན་ཞིག་ཏུ་གྱུར། པེ་ཅིང་དུ་གཟེངས་བསྟོད་ཀྱི་བྱ་དགའ་ལེན་པའི་བར་སྐབས་སུ། བཀྲ་ཤིས་དབང་མོས་ཕྱོགས་སོ་སོ་ནས་ཕེབས་པའི་རྒན་པ་རྣམས་ཀྱིས་རང་གི་ཚེ་སྲོག་ཏང་དང་རྒྱལ་ཁབ་ཀྱི་ལས་རིགས་སུ་ཕུལ་བའི་སྙིང་སྟོབས་མིག་གིས་མཐོང་ཞིང་སེམས་ཀྱིས་མྱངས་པས། རང་ཉིད་ཀྱི་ལས་དོན་ལ་བཅངས་པའི་དད་སེམས་སྔར་ལས་ཇེ་ཟབ་ཏུ་གྱུར་པར་མ་ཟད། ལོ་ངོ་བཅུ་བདུན་རིང་གི་དཀའ་སྡུག་གི་ལས་དོན་ནི་གཟི་བརྗིད་ཅིག་ཏུ་སྒོམ། སོང་ནས་ལྷམ་ཟད་པ་ལས།། བསྡད་ནས་སྟན་ཟད་ན་དགའ།། ཞེས་གསུངས་པ་ལྟར། འདས་སོང་གི་ལོ་ཟླའི་ཁྲོད་ནས་རྒན་སྐྱོང་གི་ལས་དོན་ཁོ་ནར་སྐར་མ་ཞྭ་བྱེད་དང་། བ་མོ་ལྷམ་བྱེད་ཀྱི་ཚུལ་དུ་འབད་བརྩོན་བྱས། བཀྲ་ཤིས་དབང་མོ་ན་རེ། ལས་དོན་གཅིག་སེམས་རྣལ་དུ་ཕབ་ནས་བསྒྲུབས་པ་དང་། ལས་གནས་གཅིག་འབད་པས་བསྲུངས་པ། འགན་འཁྲི་གཅིག་ཕྲག་ཏུ་འཁུར་བ་བཅས་ནི་ཆེས་ཡིད་དུ་འོང་བ་ཞིག་དང་། ཆེས་གཟི་བརྗིད་ལྡན་ཞིག་རེད།    

   བཀྲ་ཤིས་དབང་མོས་ཉིན་རྒྱུན་གྱི་ལས་ཀའི་ཁྲོད་ནས་ལོ་ལོན་ཚོར་ཟ་མ་གཡོས་སྦྱོར་དང་ལུས་པོ་བཀྲུ་བ། སྨན་བཅོས་བྱེད་པ་སོགས་ལས་ཀ་ཆེ་མ་ཆུང་གསུམ་བྱ་སྤུ་གནོན་པ་ལྟར་བསྒྲུབས་པ་ལས། ལས་དོན་འདིར་སུན་སྣང་དང་འཁང་ར་ཡེ་ནས་མེད། དེ་ལྟར་བཀྲ་ཤིས་དབང་མོའི་གཞན་ཕན་གྱི་ལང་ཚོའི་མེ་ཏོག་རྒན་སྐྱོང་ལས་དོན་གྱི་སྐྱེད་ཚལ་དུ་ལྷུག་པོར་གྲོལ། ད་ལྟའི་ཆར། བཀྲ་ཤིས་དབང་མོས་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མིའི་འགན་འཁྲི་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་རང་གཤིས་སེམས་མཐིལ་དུ་བཟུང་སྟེ། ས་མཐའི་ཡུལ་གྲུ་ཆུང་ཆུང་འདིར་གནས་བཅས་པའི་ལོ་ལོན་རྣམས་མིག་གིས་འཚོས་ཤིང་སེམས་ཀྱིས་བསྐྱངས་ཏེ། མི་རིགས་ས་ཁུལ་གྱི་རྒན་སྐྱོང་ལས་དོན་གོང་ནས་གོང་དུ་འཕེལ་བར་རང་གི་ནུས་པས་སྲི་ཞུ་སྒྲུབ་བཞིན་ཡོད་དོ།།

                                 གསར་འགོད་པ། མགོན་པོ་བཀྲ་ཤིས། ཀླུ་རྒྱལ་ཚེ་རིང་། དཔལ་ལྡན།


  • 顶