ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས21ཉིན།“སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པའི་བོད་སྤོས་འབྱུང་ཁུངས”ཞེས་པའི་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། “སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པའི་བོད་སྤོས་འབྱུང་ཁུངས”ཞེས་པའི་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་བ་ཟླ8པའི་ཚེས29ཉིན་ནས་ཚེས30ཉིན་བར་སྙེ་མོ་རྫོང་ཐོན་པ་མཛེས་ལྗོངས་ཁུལ་དུ་སྤེལ་རྒྱུ་རེད། སྐབས་འདིར་རིག་གནས་ཡུལ་སྐོར་འོས་སྦྱོར་དང་རིག་རྩལ་འགྲེམ་འཁྲབ། ཐོན་རྫས་བཀྲམ་འཚོང་། རིག་གནས་ཉམས་ལེན། མེ་ཕུང་དགོང་ཚོགས་སོགས་ཕྲེང་བསྟར་བྱ་འགུལ་གཅིག་བསྡུས་སྒོས་སྤེལ་ཏེ། སྙེ་མོའི་ཐུན་མོང་མ་ཡིན་པའི་མི་ཆོས་ཐོན་ཁུངས་དང་རང་བྱུང་མཛེས་ལྗོངས་ཕྱོགས་ཡོངས་ནས་འགྲེམ་སྟོན་བྱ་རྒྱུ་རེད།
པར་འདི་ནི་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས་རྣམ་པ་རེད།
སྙེ་མོ་རྫོང་ནི་བོད་ཀྱི་ཡི་གེ་དང་བོད་སྤོས་ཀྱི་སྲོལ་བཏོད་མཁན་སྔོན་བྱོན་མཁས་མཆོག་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་པས། དེ་གར“བོད་ཡིག་སྲོལ་གཏོད་མེས་པོའི་ཕ་ས་དང་། བོད་སྤོས་རིག་གནས་ཀྱི་འབྱུང་ཁུངས”ཞེས་པའི་མཚན་སྙན་གྲགས་ཡོད་ལ། རིག་གནས་ཀྱི་རྨང་མཐུག་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་སྣ་མང་ཕུན་སུམ་ཚོགས་པོ་ཡོད། དེའི་ཁྲོད་བོད་སྤོས་བཟོ་ཐབས་ཀྱི་ལག་རྩལ2008ལོར་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་པ་དང་། 2014ལོར་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་སྲུང་སྐྱོང་ཐོན་རྫས་སུ་བདམས། དེ་དང་ཆབས་ཅིག ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་ཕུ་གསུམ་དཔར་བརྐོ་དང་ཞོ་ལེགས་བོད་ཤོག་སོགས་སྲོལ་རྒྱུན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཐབས་རྩལ་དག་ནི་སྙེ་མོའི་རྩ་ཆེན་པོའི་རིག་གནས་མཆོག་ནོར་ཡིན། ས་གནས་ཀྱི་བརྗིད་ཆགས་མཛེས་སྡུག་ལྡན་པའི་གངས་རི་དང་མཚེའུ། སྤུས་ལེགས་ཀྱི་རང་བྱུང་ཆུ་ཚན་སོགས་མཐོ་སྒང་གི་སྐྱེ་ཁམས་ཡུལ་ལྗོངས་དང་། ལོ་རྒྱུས་རིང་བའི་གཟུགས་འདས་ཤུལ་བཞག་རིག་གནས་དང་རྨང་མཐུག་པའི་མི་ཆོས་བཅས་ཀྱི་ཕན་ཚུན་གཅིག་ལ་གཅིག་བརྒྱན་བྱས་ནས་ལྷ་སའི་ཉེ་འགྲམ་གྱི་དུས་ཐུང་ཡུལ་སྐོར་དང་ཁམས་གསོ་སྤྲོ་གསེང་། ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་བཅས་བྱེད་པའི་རིག་གནས་ཡུལ་སྐོར་གྱི་དམིགས་སར་གྱུར་ཡོད། ལོ་རྒྱུས་ཡུན་རིང་བའི་བོད་སྤོས་རིག་གནས་དེ་སྙེ་མོའི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཡིན་པ་མ་ཟད། ས་གནས་ཀྱི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་རོགས་འདེགས་ཀྱི་ཀ་རྟེན་ཐོན་ལས་ཞིག་ཀྱང་རེད།

པར་འདི་ནི་སྙེ་མོའི་བོད་སྤོས་བཟོ་བྱེད་ཀྱི་ལྷན་སྐྱེས་རྒྱུ་ཆ་སྣ་ཚོགས་རེད།
ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་རིག་གནས་ཀྱི་མཐུན་རྐྱེན་སྦྱོར་བ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས། ཁོངས་ཡོངས་དྲིལ་སྒྲོག གྲོན་ཆུང་གིས་དུས་ཆེན་གཉེར་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། སྙེ་མོའི“12321”ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་བཀོད་པར་བརྟེན་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་དང་རང་བྱུང་ཁམས་སྤྲོ་སྐོར། ཁམས་གསོ་སྤྲོ་གསེང་། གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་སོགས་སྣ་མང་ལས་རྣམ་བསྡུ་སྒྲིལ་བྱས་ཏེ། དུས་ཆེན་ལ་བརྟེན་ནས་ཐོན་ལས་དར་སྤེལ་དུ་གཏོང་བ་དང་དམངས་ཕྱུག་ཡོང་བ་དང་། རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་སྒྱུར་བར་སྐུལ་འདེད་གཏོང་དགོས།
ཉེ་བའི་ལོ་འགའི་རིང་། སྙེ་མོ་རྫོང་གིས་རང་ལུས་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱིས་མཐུན་རྐྱེན་སྦྱར་བ་དང་བོད་སྤོས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། བོད་སྤོས་རིག་གནས་ཐོན་ལས་དེ་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལྟེ་བའི་ལེགས་ཆའི་ཐོན་ལས་སུ་བརྩིས་ནས་གཙོ་གནད་གསོ་སྐྱོང་བྱས། ས་གནས་སུ་ལག་ཤེས་བོད་སྤོས་ཐོན་སྐྱེད་ལྟེ་གནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ལྟེ་གནས། དེང་རབས་བོད་སྤོས་ཐོན་ལས་གླིང་བཅས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། བོད་སྤོས་ཀྱི་ཐོན་རྫས་མ་ལག་དང་ཚོང་རྟགས་མ་ལག ཁྲོམ་རའི་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་བ་དང་། སྲོལ་རྒྱུན་གྱི་བོད་སྤོས་བཟོ་རྩལ་ཐོན་ལས་ཅན་དང་ཚད་ལྡན་ཅན། ཚོང་རྟགས་ཅན་དུ་འཕེལ་བར་མུ་མཐུད་སྐུལ་འདེད་བཏང་།

པར་འདི་ནི་སྙེ་མོ་རྫོང་ཐོན་མདའ་གྲོང་ཚོའི་གྲོང་མིས་བོད་སྤོས་ལ་ཐུམ་སྒྲིལ་བའི་རྣམ་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་ཟླ1པོ་ནས7པའི་བར་སྙེ་མོ་རྫོང་གི་བོད་སྤོས་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི2431.94དང་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི1720.83ལ་སླེབས་ཡོད། ཐོན་ལས་འཕེལ་རྒྱས་ཀྱིས་རྫོང་ཡོངས་ཀྱི་ཁྱིམ་དུད1919ཡི་མང་ཚོགས4077ཀྱི་འབབ་འཕར་ལ་སྐུལ་ཁྲིད་ཐུབ་པ་དང་། འབབ་འཕར་བསྡོམས་འབོར་སྒོར་ཁྲི805.98ལ་སླེབས་ཡོད། བོད་སྤོས་ཐོན་ལས་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་ཡོང་བར་མཐུན་རྐྱེན་སྦྱོར་བའི་ཕན་འབྲས་རྒྱུན་མཐུད་མངོན་གསལ་དུ་ཕྱིན་ཡོད།
ཡུལ་སྐོར་གྱི་བཀོད་པ་དང་བོད་སྤོས་ཐོན་ལས་ཉིན་བཞིན་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས“སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པའི་བོད་སྤོས་འབྱུང་ཁུངས”ཞེས་པའི་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་བ་ཡིས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་ཧུར་ཐག་སྐུལ་འདེད་གཏོང་རྒྱུ་ཡིན་ལ། གཙོ་བོ་ཕྱོགས་གསུམ་ལ་ཤུགས་བརྒྱབ་ནས་སྙེ་མོའི་གཏམ་རྒྱུད་བཤད་དགོས་པ་སྟེ། གཅིག་ནས་དུས་ཆེན་མཚམས་སྦྲེལ་བྱས་ནས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་འཕེལ་བར་བྱེད་པ། སྣ་མང་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ཁུངས་དང་སྟབས་བདེ་བའི་འགྲིམ་འགྲུལ་དེ་ཡུལ་སྐོར་བའི་ཡིད་དབང་འཕྲོག་པའི་ནུས་པར་སྒྱུར་ཏེ་མི་སྔར་ལས་མང་པོར་སྙེ་མོ་རྒྱུས་ལོན་དང་རོལ་མྱོང་བྱེད་དུ་འཇུག་པ། གཉིས་ནས་དུས་ཆེན་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་དང་མང་ཚོགས་ཀྱི་འབབ་ཕར་ལ་རོགས་འདེགས་བྱེད་པ། བཀྲམ་འཚོང་དང་ཞིམ་ཟས་ཉམས་ལེན་སོགས་བྱ་འགུལ་སྤེལ་བ་བརྒྱུད“དུས་སྟོན་གྱི་མི་ཚོགས་བཞུར་ཚད”“དཔལ་འབྱོར་འཕར་ཚད”དུ་སྒྱུར་དགོས། གསུམ་ནས་དུས་ཆེན་ལ་བརྟེན་ནས་ཐོན་ལས་དར་རྒྱས་སུ་གཏོང་བ་དང་རིག་གནས་ཚོང་རྟགས་ཀྱི་སྐད་གྲགས་ཆོད་པར་བྱེད་པ། མུ་མཐུད་དུ“སྙེ་མོའི་གྲོག་རོང་ཆེན་མོ། ཐོན་པའི་བོད་སྤོས་འབྱུང་ཁུངས”ཏེ“བོད་ཀྱི་ཡི་གེ་དང་བོད་སྤོས་ཕ་ས”ཞེས་པའི་ཚོང་རྟགས་སྐད་གྲགས་ཆོད་པར་བྱས་ཏེ། བོད་སྤོས་རིག་གནས་དང་ཁོངས་ཡོངས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྙེ་མོའི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་པའི་ཚད་མཐོར་འདེགས་སུ་གཏོང་དགོས། །
འཕྲིན་སྟེགས། weikangba