
དབྱར་ཟླ8པའི་ཡར་ཉང་བརླན་སར་སྟོན་གྱི་རང་མདངས་ཡོངས་སུ་མངོན། ཡར་ཀླུང་གཙང་པོ་དང་ཉང་ཆུ་གནས་དེ་ནས་འདྲེས་ཏེ་གཅིག་ཉོག་ལ་གཅིག་དྭངས་པས་བྱེ་གླིང་དང་སྤང་ལྗོངས་གྲུབ། མཚོ་འཕགས་སྨི2920ཆུ་ངོས་སུ་གངས་རིའི་གྲུབ་གཟིགས་འཆར་ཡོད་ལ། འདབ་ཆགས་བྱ་སྣ་ཚོགས་བར་སྣང་ནས་འཕུར་བ་བཅས་ཀྱི་མཐོ་སྒང་གི་སྐྱེ་ཁམས་རི་མོ་ཞིག་ངང་གིས་གྲུབ་ཡོད།
ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང8738ཟིན། 2009ལོར་ཚོད་ལྟའི་གནས་འཛུགས་སྐྲུན་མགོ་བརྩམས་པ་དང2016ལོར་དངོས་སུ་སྒོ་བྱང་བཀལ་ཏེ་བརླན་སའི་སྲུང་སྐྱོབ་ཀྱི་འོས་འགན་ཁུར། 2021ལོའི་ལྟ་ཞིབ་ཚད་འཇལ་གཞི་གྲངས་ལས་མངོན་པ་ལྟར་ན། བརླན་ས་དེར་འདབ་ཆགས་རིགས57འཚོ་སྡོད་བྱས་པའི་ནང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོད་འདབ་ཆགས་རིགས1དང་། རིམ་པ་གཉིས་པའི་སྲུང་སྐྱོབ་འདབ་ཆགས་རིགས7ཚུད། ལོ་རེའི་ཟླ10པའི་ཟླ་སྨད་དུ་ཁྲུང་ཁྲུང་སྐེ་ནག་གི་ཁྱུ་ཚོགས་བོད་བྱང་རྒྱུད་ནས་གནས་དེར་འཕུར་འབབ་བྱེད་པས་ཆུ་ཁོངས་དེར་དགུན་སྒྲོལ་བྱེད་པ་དང་སང་ལོའི་དཔྱིད་ཟླ་གསུམ་པ་ནས་བཞི་བར་ད་གཟོད་བརླན་ས་དེ་དང་ཁ་བྲལ་པ་རེད།

སྐབས་དྲུག་པའི་ཀྲུང་གོ་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱི་དངོས་མང་སྟོན་ཚོགས་བརྗོད་དོན་བཅར་འདྲི་ཚོགས་པ་དང་མཉམ་དུ་གསར་འགོད་པ་ཡར་ཉང་བརླན་སར་བསྐྱོད་དེ“རིག་གནས་ཡུལ་སྐོར་གྱིས་དམངས་ཕྱུག་དང་ཐོན་ལས་ཀྱིས་བོད་ལྗོངས་དར་བའི”གསོན་ཉམས་ལག་ལེན་འཚོལ་ཞིབ་བྱས།
ལོ35ལོན་པའི་སྐལ་བཟང་མཚོ་མོ་ནི་ས་གནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡུབ་ཆུས་སྨན་རི་ཤང་གི་མི་ཡིན། མོ་ན་ནིང་ཡར་ཉང་རྒྱལ་ཁབ་བརླན་ས་སྤྱི་གླིང་གི་བརླན་ས་དོ་དམ་སྲུང་སྐྱོབ་མི་སྣ་ཞིག་ཡིན། ཉིན་རེར་མོའི་ལས་ཀ་ནི་བྱེ་མ་རློག་པ་དང་སྲོལ་འགལ་ཉ་འཛིན་འགོག་པ། གད་སྙིགས་གཙང་སེལ། གནས་སྤར་འདབ་ཆགས་རིགས་སྲུང་སྐྱོབ་བྱེད་པ་བཅས་ཡིན། མོས་གནས་ལུགས་ཆེན་པོ་བཤད་མི་ཤེས་ཀྱང་སྤང་ཁུལ་བསྟན་ཏེ་གསར་འགོད་པར། “སྔོན་ཆད་ཀྱང་ཉ་དང་འདབ་ཆགས་རིགས་ཡོད་ལ། ཡིན་ཡང་ད་ལྟ་གྲངས་འབོར་ལྡབ་ཀྱིས་འཕར་ཞིང་། ཤིང་སྡོང་རིགས་ཀྱང་སྔར་ལས་མང་དུ་ཕྱིན་པ་རེད”ཅེས་མོ་དགོད་བཞིན་དེ་ལྟར་བཤད།
སྲུང་སྐྱོབ་ལས་དོན་དེ་འདྲ་བ་ཡར་ཉང་བརླན་ས་ཁོ་ན་མིན། མིག་སྔར། བརླན་ས་སྤྱི་གླིང་ཡོངས་སུ་བསྡོམས་པས་དོ་དམ་སྲུང་སྐྱོབ་མི་སྣ75ཡོད་པས་ཉིན་རྒྱུན་ཆུ་ཁོངས་མཐའ་མཚམས་སུ་མཐོ་སྒང་གི་སྐྱེ་ཁམས་རྨང་མདོག་སྲུང་བཞིན་ཡོད།
སྐལ་བཟང་མཚོ་མོ་དང་ཁ་བྲལ་རྗེས་བཅར་འདྲི་ཚོགས་པའི་ཚོགས་མི་རླངས་འཁོར་བསྡད་དེ་ཡར་ཉང་བརླན་སའི་ལྟེ་གནས་ཉིང་ཁྲི་གྲོང་ཁྱེར་བྲག་ཡུབ་ཆུས་ཀླུ་སྟེང་གྲོང་ཚོ་རུ་བསྐྱོད། ཁྱིམ་ཚང75མ་གཏོགས་མེད་པའི་གྲོང་ཚོ་ཆུང་ཆུང་དེ་ཡར་ཀླུང་གཙང་པོ་འགྲམ་རྒྱུད་དུ་ཆགས། སྔོན་ཆད་གྲོང་ཚོའི་གཞུང་ལམ་ས་ལམ་ཡིན་པས་དཔེ་མཚོན་རང་བཞིན་གྱིས་རྗེས་ལུས་གྲོང་ཚོ་ཡིན། ཀུང་ཏུང་བོད་སྐྱོར་མ་དངུལ་དང་གྲོང་གསེབ་དར་སྤེལ་མ་དངུལ་མཉམ་གྱིས་བཏང་བས་དཔེ་སྟོན་གྲོང་ཚོའི་ལས་གཞི2024ལོའི་ཟླ10པར་འཛུགས་སྐྲུན་ཟིན་པས་ད་ལྟ་ཀླུ་སྟེང་གྲོང་ཚོའི་གཞུང་ལམ་ཡངས་ཤིང་རྒྱ་ཆེ་ལ། བོད་ལུགས་སྡོད་ཁང་གསར་བ་གྲལ་འགྲིག་པ། གྲོང་ཨུ་འགྲམ་རྒྱུད་ཀྱི“བཅིངས་འགྲོལ་བསྟོད”འགྲེམ་སྟོན་ཁང་ཚུགས་པ་དེས་ས་གཞི་དེའི་གསར་བརྗེ་ཕྱིར་དྲན་མཚོན།
གྲོང་ཚོ་འགྱུར་ལྡོག་བྱུང་བས་གྲོང་མི་ཚོའི་འཚོ་བ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་། བརླན་སའི་ལྗོངས་གཟིགས་སྟེགས་བུ་ཡུལ་སྐོར་ཀུང་སི་ལ་གླས་པ་དང་། ཁྱིམ་ཚང་མགྲོན་ཁང་ཆེད་ལས་རུ་ཁག་གིས་གཉེར་བས་ལོ་རེར་གྲོང་ཚོ་ཐུན་མོང་ལ་ཁེ་བཟང་བསྐྲུན། གྲོང་མི་ཚོས་ཡང་ནས་ཁྱིམ་ཚང་མགྲོན་ཁང་སིལ་ཏོག་དང་འོ་མའི་ཐོན་རྫས་མཁོ་འདོན་བྱེད་པ་དང་། ཡང་ན་ལྗང་སྒྱུར་ལས་གཞི་ཕྱོགས་ནས་ལས་ཀ་གཉེར་བས་འཚོ་བ་ཉིན་བཞིན་ཕྱུག་འགྱུར་བྱུང་། 2024ལོར་གྲོང་ཚོ་ཡོངས་ཀྱི་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི3ལས་བརྒལ་ཞིང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་ཀྱང་སྔོན་ཆད་ཀྱི་སྒོར་ཁྲི22ནས119སླེབས།

“ངེད་གྲོང་ཚོས་ཡར་ཉང་བརླན་སར་བརྟེན་ནས་ཡུལ་སྐོར་པ་མང་པོ་བཀུག ཡུལ་སྐོར་པ་ཡོད་ན་ཞིང་ལས་ཐོན་རྫས་འཚོང་ཐུབ་པས་མང་ཚོགས་ལ་འབབ་འཕར་བྱུང”ཞེས་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་བཀྲ་ཤིས་ཀྱིས་དེ་ལྟར་བཤད།
བཅར་འདྲི་ཚོགས་པ་ནང་རྒྱལ་ཡོངས་ས་ཆ་སོ་སོའི་སྨྱན་སྦྱོར་ནས་ཡོང་བའི་ལས་གྲོགས་ཚོ་ཡུལ་དེ་ལ་དགའ་བར་གྱུར། ནན་ཧྥང་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཙིན་ལིང་ཐེངས་དང་པོར་བོད་ལྗོངས་སུ་བསྐྱོད་པ་ཡིན། ཁོས་བཤད་རྒྱུར། ཁོས་བོད་ལྗོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་དང་ཁྱད་ལྡན་ཞིང་འབྲོག་ལས་ལ་དོ་ཁུར་བྱེད་བཞིན་ཡོད་ཟེར། “ཡུལ་འདིའི་མཛེས་ལྗོངས་ཇེ་ཡག་ནས་ཇེ་ཡག་ཡིན་པས་ཡུལ་སྐོར་པ་ཡང་སྔར་ལས་མང་པོར་གྱུར། ཁམ་བུ་དང་སྟར་ཀ། ཕྱུགས་ཟོག་གསོ་སྤེལ་བཅས་ཀྱི་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་བྱུང་། དེ་ནི་བོད་ལྗོངས་འཕེལ་རྒྱས་ཀྱི་སྒེའུ་ཁུངས་ལྟ་བུ་ཡིན”ཞེས་ཁོ་ལྗོངས་གཟིགས་སྟེགས་བུ་ཐོག་ལངས་ཏེ“ཆུ་བོ་སྔར་ལས་དྭངས་ཤིང་གཙང་བ་དང་སྐྱེ་ཁམས་སྲུང་སྐྱོབ་སྔར་ལས་ལེགས་སུ་ཕྱིན”ཞེས་བརྗོད།
ཧྲན་ཞིའི་གསར་འགོད་པ་ཀའོ་ཡན་གྱིས་ཉང་ཆུ་དང་ཡར་ཀླུང་གཙང་པོར་གཟིགས་ནས་སྐད་ཆུང་ངུས“ཆུ་གཉིས་འདྲེས་པ་ལས་བརླན་ས་འདི་འདྲ་མཛེས་པ་གསོས་པས། གནས་འདིར་ལངས་དུས་དངོས་གནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་མྱོང་ཚོར་བྱེད་ཐུབ། མི་སྔར་ལས་མང་པོ་བོད་ལྗོངས་སུ་ཡོང་སྟེ་མཛེས་ལྗོངས་གཟིགས་ཐུབ་པར་སྨོན”ཟེར།
བརླན་ས་དོ་དམ་སྲུང་སྐྱོབ་ཀྱི་ཉིན་རྒྱུན་དང་ཀླུ་སྟེང་གྲོང་ཚོའི་གྲོང་མིའི་འཚོ་བ། ཡར་ཉང་བརླན་སའི་གཏམ་རྒྱུད་ནང་དུ་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཕྱུག་བོད་དར་ཟུང་འབྲེལ་དམ་པོར་བྱས་ཡོད། རི་སྔོ་ཆུ་དྭངས་སྲུང་མཁན་མཐར་ཐུག་ན་སྐྱེ་ཁམས་ཁེ་བཟང་ཐོབ་མཁན་དུ་གྱུར། མཐོ་སྒང་གི་བརླན་ས་འདིས་མི་སྔར་ལས་མང་པོ་སྐྱེ་ཁམས་ལ་བརྟེན་ནས་འབབ་འཕར་མངོན་འགྱུར་བྱུང་། །
འཕྲིན་སྟེགས། weikangba