

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་ཁོངས་སུ་གནས་པའི་གཉན་པོ་གཡུ་རྩེའི་མཛེས་ལྗོངས་ཁུལ་ནི་ངོ་མཚར་ལྟ་བས་ཆོག་མི་ཤེས་པས་སྐྱེ་བོ་ཀུན་གྱི་ཡིད་སེམས་རབ་ཏུ་བཀུག་ཡོད། གནས་རི་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་དང་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང། རྔ་བ་རྫོང་ཁོངས་སུ་ཡོད་པའི་གཡུ་རྩེའི་མཚོ་འཕགས་མཐོ་ཤོས་སྨི་5141ཟིན་པ་དང་། བརྗིད་ཆགས་རི་བོ་རི་ཚོགས་ཕྲེང་བས་བསྐོར་ཡོད་ལ། ཆ་སྙོམས་མཚོ་འཕགས་སྨི་4000ཡན་ཟིན་པ་དང་། མུ་ཏིག་བསྟར་འདྲའི་མཚེའུ་ཆེ་ཆུང་300ལྷག་གིས་གཉན་པོ་གཡུ་རྩེ་ལྷག་ཏུ་མཛེས་པར་བརྒྱན།


གནས་དེ་ན་སྔོ་ཞིང་བསངས་པའི་ནམ་མཁའ་དང་། ལང་ལོང་དུ་གཡོ་བའི་སྤྲིན་དཀར། བརྗིད་ཆགས་ལྡན་པའི་ལྷུན་པོ། ཁྲ་ལྷམ་མེར་བཞད་པའི་མེ་ཏོག་གི་མཚེའུ། དེ་མིན་སྙན་འཇེབས་ཀྱི་གླུ་དབྱངས། ངོ་མཚར་ཆེ་ཞིང་ཡིད་དབང་འཕྲོག་པའི་གཏམ་རྒྱུད། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་སོགས་མཚར་སྡུག་རྣམ་པར་བཀྲ།


ཉེ་བའི་ལོ་ཤས་རིང་། གཉན་པོ་གཡུ་རྩེ་ནི་ཡུལ་སྐོར་བ་མང་པོའི་སེམས་ཁོང་གི་ཡུལ་སྐོར་གནས་མཆོག་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ཅིང། ཡུལ་སྐོར་གྱིས་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་བསྩལ།



གནས་མཆོག་འདིར། དཔྱིད་དུས། ཡོད་ཚད་ལ་གསོན་ཤུགས་རྒྱས། དབྱར་དུས། མེ་ཏོག་གི་དྲི་ཞིམ་གང་སར་འཐུལ། སྟོན་དུས། གསེར་མདོག་གི་བཀྲག་མདངས་རབ་ཏུ་མཚེར། དགུན་དུས། གོས་དཀར་གྱི་ཁ་བས་ཀུན་ནས་གཡོགས། དུས་བཞིའི་ཁྲོད་ཀྱི་གཉན་པོ་གཡུ་རྩེ་ནི་ཇི་འདྲའི་མཛེས་པ་ལ་ཨང་།
འཕྲིན་སྟེགས། weikangba