ཟླ་8ཚེས་12ཉིན། བྲག་འགོ་ནས་དར་མདོའི་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་(གཤམ་དུ་བྲག་མདོའི་མྱུར་བགྲོད་གཞུང་ལམ་ཞེས་བསྡུ་རྒྱུ་)གྱི་ར་རྔ་ཁའི་ཕུག་ལམ་གྱི་ཐོན་སྒོ་བདེ་བླག་ངང་ཏལ་འབིགས་ཐུབ་ཡོད། དེའི་ཐོག་ནས་སི་ཁྲོན་དུ་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་དང་རིང་ཚད་རིང་ཤོས་ཀྱི་བྱེ་རྡོ་རིམ་པའི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ་དེ་རྐོ་འདོན་ཨར་ལས་ཀྱི་དུས་མཚམས་སུ་དངོས་སུ་སླེབས་པ་མཚོན་ཡོད།

ར་རྔ་ཁའི་ཕུག་ལམ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ཤ་རྭ་ཐོག་གྲོང་རྡལ་དུ་གནས་པ་དང་། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི་4750ཡོད་ཅིང་། སོལ་རླངས་ཕྲ་མོ་འདུས་པའི་ཕུག་ལམ་རིང་པོ་ཞིག་ཡིན། ཕུག་ལམ་གནས་ཡུལ་ནི་ས་བབ་མཐོ་ཚད་སྨི་3200ཡོད་པའི་གསོ་རླུང་དཀོན་པའི་མཐོ་གྲང་ས་ཁུལ་ཡིན་པ་དང་། དེ་གའི་བྲག་རྡོ་ནི་གཙོ་བོ་ཡུན་རིང་ཕུང་གསོག་ཐེབས་པའི་གྲམ་རྡོ་ཡིན་ཞིང་། ཕུག་ལམ་གྱི་ཐོན་སྒོ་ནི་རྒྱལ་ལམ་G350གཤམ་འོག་ཏུ་བརྒྱུད་ཡོད་པས། ས་སྟེང་དང་ས་འོག་ཕུག་ལམ་བར་གྱི་ས་འོག་གཏིང་ཚད་ཐུང་ཤོས་དེ་སྨི་11.9ལས་ཟིན་གྱི་མེད། ས་འོག་གི་གཏིང་ཚད་ཐུང་བའི་ཨར་ལས་ཐད་ཀྱི་ཚོད་འཛིན་དང་བྱེ་རྡོ་སོབ་སོབ་ཀྱི་ས་གཤིས་ཁྱད་ཆོས། ས་མཐོའི་མཐོ་གྲང་ཁོར་ཡུག་བཅས་གཅིག་ཏུ་བསྡེབས་པས། “ས་བབ་མཐོ་བ་དང་ཉེན་ཁ་ཆེ་བ། ལག་རྩལ་མཐོ་བ་”བཅས་ཨར་ལས་ཀྱི་གནོན་ཤུགས་ཆེན་པོ་གསུམ་འཕྲད་པ་དང་། ལས་གྲྭ་མང་པོ་ཞིག་གི་དཀའ་གནད་མཉམ་དུ་འདྲེས་པས། རྣམ་གྲངས་ཀྱི་ཨར་ལས་སྒྲིག་འཛུགས་དང་ལག་རྩལ་འགན་ལེན་མ་ལག་ལ་བླང་བྱ་ཧ་ཅང་ཆེན་པོ་བཏོན་ཡོད། རྙོག་འཛིང་ཆེ་བའི་ཨར་ལས་ཆ་རྐྱེན་གྱི་མདུན་དུ། རྣམ་གྲངས་ཚོགས་པས་མི་སྣ་འགན་ལེན་དང་བདེ་འཇགས་ཐད་དོ་དམ་དང་ཚོད་འཛིན། ལག་རྩལ་འགག་སྒྲོལ་བཅས་ཕྱོགས་མང་པོའི་ཐད་ནས་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ། བྱེ་རྡོའི་ཕུག་ལམ་ཨར་ལས་ཀྱི་དཀའ་གནད་རེ་རེ་བཞིན་སེལ་ཡོད།
《སི་ཁྲོན་ཞིང་ཆེན་མྱུར་བགྲོད་གཞུང་ལམ་དྲ་བའི་བཀོད་སྒྲིག་འཆར་འགོད(2022ལོ་ནས་2035ལོ་བར་)》ཀྱི་གཞུང་ཕྱོགས་ལམ་ཐིག་13གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས། བྲག་མདོའི་མྱུར་བགྲོད་གཞུང་ལམ་ནི་ཁྲོན་བོད་ལྷོ་བྱང་ལམ་ཐིག་གི་མྱུར་བགྲོད་གཞུང་ལམ་གྱི་ལྟེ་བའི་འབྲེལ་གཏུག་ལམ་ཐིག་ཅིག་ཡིན་པ་དང་དུས་མཚུངས། རྒྱལ་ཁབ་ཀྱི་“བོད་ལྗོངས་དང་སྦྲེལ་ཞིང་། མཚོ་སྔོན་དང་མཐུད་པ། ཡུན་ནན་ལ་ཤར་གཏོང་”བཅས་ཀྱི་ས་ཁོངས་འབྲེལ་གཏུག་བྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད། རྣམ་གྲངས་ཀྱི་ལམ་ཐིག་ཧྲིལ་པོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མངའ་ཁོངས་སུ་གནས་པ་དང་། བྲག་འགོ་རྫོང་གི་ཤར་རྒྱུད་ནས་རྒྱལ་ལམ་G4217གྱི་འབར་ཁམས་ནས་དཀར་མཛེས་བར་གྱི་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། རྟའུ་རྫོང་བརྒྱུད་དེ་དར་མདོའི་ར་རྔ་ཁ་གྲོང་རྡལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་G4218དར་མདོའི་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད་བྱ་རྒྱུ་ཡིན་ཞིང་། སྤྱིའི་རིང་ཚད་ལ་སྤྱི་ལེ་186ཡོད་པ་དང་། ལམ་ཐིག་ཧྲིལ་པོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3420ཡོད།
རྣམ་གྲངས་དེ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། ཁྲོན་ནུབ་ས་མཐོའི་ལམ་དྲའི་ཞན་ཆ་སྔར་བས་གསབ་རྒྱུ་དང་། ས་ཁོངས་ཀྱི་ཤར་གཏོང་ལས་ཕྱོད་དང་འཕྲལ་སྒྲུབ་འགན་ལེན་ནུས་པ་ཆེ་རུ་འགྲོ་རྒྱུ་ཡིན་པས། ལམ་རྒྱུད་མང་ཚོགས་ཀྱི་ཕྱིར་སྐྱོད་ཆ་རྐྱེན་ལེགས་སུ་ནུས་ལྡན་འགྲོ་རྒྱུ་མ་ཟད། ལམ་རྒྱུད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་ཁྲིད་ཐུབ་ནས། བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ལ་འགྲིམ་འགྲུལ་གྱི་འདེགས་སྐྱོར་གལ་ཆེན་ཐུབ་རྒྱུ་ཡིན་པ་རེད།
འཕྲིན་སྟེགས། weikangba