འཛམ་གླིང་ཡང་རྩེར་སྲོག་ལྡན་ཁྲི་སྟོང་མང་པོར་སྲུང་སྐྱོང་བྱས།

2026-08-19
310

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ“བྱང་ཐང”ཞེས་འབོད་པའི་མི་མཐའ་མེད་པའི་རྩྭ་ཐང་ཞིག་ཡོད། ཆ་སྙོམས་མཚོ་འཕགས་སྨི5000ལྷག་ཟིན་པའི་བོད་བྱང་ཐང་གི་མི་མེད་ལུང་སྟོང་ཁུལ་ནི་མིའི་རིགས་འཚོ་གནས་དཀའ་བའི་གནས་ཤིག་ཡིན་མོད། འོན་ཀྱང་སྲོག་ཆགས་ཁྲི་སྟོང་མང་པོའི་ཁྱིམ་གཞིས་རེད། ཉེ་བའི་ལོ་འགའི་རིང་། བདག་སྐྱོང་པ་དང་། གྲོང་ཚོ་རིམ་པའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་པ། སྐྱེ་ཁམས་ཉེན་རྟོག་པ། ས་གནས་དེ་གའི་འབྲོག་པ་བཅས་སྐོར་ཞིག་གིས་འདི་གར་སྲུང་སྐྱོང་གི་ལས་ལ་གཞོལ་བཞིན་ཡོད་པས། རེ་ཞིག་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་རྣམས་རྒྱུན་ཆད་མེད་པར་རྒྱུད་འཕེལ་བྱུང་དང་འབྱུང་བཞིན་ཡོད།

བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི29.8ཙམ་ཡོད་ཅིང་། ཆ་སྙོམས་ས་བབ་མཐོ་ཚད་སྨི4500ཡན་དུ་ཟིན་པ་དང་ལྟེ་བའི་ས་ཁོངས་ཁ་ཤས་སྨི5000ལས་བརྒལ་ཡོད། འདི་གར་ཅུང་ཆ་ཚང་བའི་མཐོ་གྲང་ས་རྒྱུད་ཀྱི་སྐྱེ་ཁམས་མ་ལག་ཉར་ཚགས་བྱས་ཡོད་ལ། གཙོད་དང་འབྲོང་། རྐྱང་སོགས་དཀོན་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་བོའི་སྡོད་གནས་གལ་ཆེན་ཞིག་ཀྱང་ཡོད།

2015ལོའི་ཚུན་དུ། བོད་ལྗོངས་ཀྱིས་བྱང་ཐང་སྲུང་སྐྱོང་ཁུལ་གྱི་བདག་སྐྱོང་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་ཤིང་། མི་མེད་ལུང་སྟོང་ཁུལ་གྱི་ཆེད་ལས་དོ་དམ་ས་ཚིགས་བརྒྱུད་ནས་སྐྱེ་ཁམས་སྐོར་ཞིབ་དང་རི་སྐྱེས་སྲོག་ཆགས་སྐྱོབ་པ། ཁྲིམས་འགལ་ངང་སྲུང་སྐྱོང་ཁུལ་བརྒལ་བར་བཀག་སྡོམ་བསླབ་བྱ་གཏོང་བ་སོགས་ཀྱི་ལས་དོན་སྒྲུབ་པ་རེད།

ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བ་མང་ཤོས་གདོད་མ་ནས་རྩྭ་ཐང་འདིར་འཚོ་བ་སྐྱེལ་བའི་འབྲོག་མི་ཡིན་ཞིང་། ད་སྐབས་ཁོང་ཚོ་ས་གཞི་འདིར་རྒྱུས་མངའ་ཡོད་མཁན་ནས་འདི་ག་སྲུང་སྐྱོང་བྱེད་མཁན་གྱི་ཆེད་ལས་སྟོབས་ཤུགས་ཞིག་ཏུ་གྱུར་ཡོད།

ལྐོག་རྔོན་གྱི་ར་མདའ་རྒྱུག་པ་དང་ཁྲིམས་འགལ་ངང་སྲུང་སྐྱོང་ཁུལ་བརྒལ་བར་བཀག་སྡོམ་བསླབ་བྱ་གཏོང་བའི་བར་དང་། དེ་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་ཞིབ་ཚད་ལེན་དང་འཕྲལ་བསྟུན་སྐྱོབ་རོགས། ཡུན་རིང་ཟིན་ཐོ་འགོད་པ་བཅས་ཀྱི་བར་བྱང་ཐང་སྐྱེ་ཁམས་ཀྱི་སྲུང་སྐྱོང་ལས་དོན་བརྒྱུད་རིམ་ལྡན་པ་ཞིག་ཏུ་གྱུར་བཞིན་ཡོད། 

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བསྒྲགས་པའི《2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས》ལས་མངོན་པ་ལྟར་ན། བོད་ལྗོངས་མངའ་ཁོངས་སུ་གཙོད་ཀྱི་གྲངས་འབོར་ཁྲི30ལྷག་ཟིན་ཡོད། །


  • 顶