ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ལྕགས་ལམ་ཁུང་མིན་སྡེ་ཚོགས་ནས་རྒྱུས་ལོན་ལྟར་ན། 2026ལོའི་ཟླ8པའི་ཚེས13བར་དུ་ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་འགྲུལ་བ་སྐྱེལ་ཚད་མི་ཐེངས་ཁྲི1000ལས་བརྒལ་ཏེ། ཡུན་ནན་ནུབ་བྱང་རྒྱུད་མཐོ་སྒང་གི་མང་ཚོགས་ཕྱིར་སྐྱོད་དང་ཡུལ་སྐོར་འགྲུལ་རྒྱུན་ཕར་འགྲོ་ཚུར་འོང་བྱེད་པའི་བགྲོད་ལམ་གལ་ཆེན་དུ་གྱུར།

ལི་ཞང་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ139.7ཟིན་པ་དང་མྱུར་ཚད་དུས་ཚོད་རེར་སྤྱི་ལེ140ཟིན་པ་དང་། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལམ་ཐིག་གཅིག་རྐྱང་གློག་ཤུགས་ཅན་གྱི་ལྕགས་ལམ་ཡིན། ལི་ཅང་གྲོང་ཁྱེར་ལི་ཅང་འབབ་ཚིགས་ནས་མགོ་བརྩམས་པ་དང་སེམས་ཀྱི་ཉི་ཟླ་འབབ་ཚིགས་ནས་མཇུག་བསྡུས་པ་ཡིན། ལྕགས་ལམ2023ལོའི་ཟླ11པའི་ཚེས26ཉིན་ཤར་གཏོང་བྱས་རྗེས་སུ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དུ་ལྕགས་ལམ་ཤར་གཏོང་བྱས་མེད་པའི་ལོ་རྒྱུས་ཡོངས་སུ་མཇུག་རྫོགས་སོང་། མིག་སྔར། ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་ཆེས་མགྱོགས་ན་དུས་ཚོད1དང་སྐར་མ10ཡིས་ཐོན་ཐུབ་ལ། ཁུང་མིན་ནས་སེམས་ཀྱི་ཉི་ཟླ་བར་ཆེས་མགྱོགས་ན་དུས་ཚོད4དང་སྐར་མ30ཐོན་ཐུབ་པ་རེད།
རྒྱུན་མཐུད་ངང་འགྲུལ་རྒྱུན་མང་དུ་འགྲོ་བ་ལ་དམིགས་ཏེ་ལྕགས་ལམ་སྡེ་ཚན་གྱིས“ཉིན་གཅིག་རིས་གཅིག”གི་འགུལ་རྣམ་ལེགས་སྒྲིག་ལས་དོན་སྤེལ་ཏེ་ཤར་གཏོང་དུས་འགོ་ཉིན་རེར་འགྲུལ་སྐྱེལ་སྒུལ་འཁོར་ཆ4གཏོང་བ་དང་། ད་ལྟ་འགྲུལ་རྒྱུན་ཤིན་ཏུ་མང་དུས་སྒུལ་འཁོར་ཆ11ཤར་གཏོང་བྱེད་བཞིན་ཡོད། ཤར་གཏོང་དམིགས་ས་དུས་འགོའི་ཁུང་མིན་ནས་ཏ་ལི་དང་ཁྲེང་ཏུའུ། པའོ་ཧྲན་སོགས་ཀྱི་གྲོང་ཁྱེར་དུ་ཁ་བསྣན་པ་རེད། སྒུལ་འཁོར་མཐུག་ཚད་དང་ཞབས་ཞུ་ཁྱབ་ངོས་མངོན་གསལ་མཐོ་རུ་ཕྱིན། ད་ལོའི་དབྱར་གནང་རིང་སེམས་ཀྱི་ཉི་ཟླ་འབབ་ཚིགས་ཀྱིས་ཆེས་མང་བའི་ཉིན་གཅིག་ལ་འགྲུལ་བ་མི་ཐེངས་ཁྲི1.5སྐྱེལ་འདྲེན་བྱས་པ་དང་ལི་ཅང་འབབ་ཚིགས་ཀྱིས་འགྲུལ་བ་མི་ཐེངས་ཁྲི3.4སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་ཟིན་ཐོ་གསར་བ་བཀོད།

གངས་རི་དང་གྲོག་རོང་། སྤང་ཁུལ་བཅས་བརྒྱུད་བཞིན་པའི“མཛེས་སྡུག་གི་སྤྲིན་རྩེ་མཁའ་ལམ”དེས་ལི་ཅང་གནའ་མཁར་དང་གཡུ་ལུང་གངས་རི། སྟག་མཆོང་འགག ཕུ་མདའ་མཚོ། རྡོ་མཁར་རྫོང་སོགས་ཀྱི་ལྗོངས་ཁུལ་དང་སྦྲེལ་ཡོད། “སྒུལ་འཁོར་བསྡད་དེ་ཡུན་ནན་ནུབ་བྱང་རྒྱུད་ལ་ཡུལ་སྐོར་བྱེད”ཅེས་པ་ཡུལ་སྐོར་པ་མི་ཉིང་པ་ཞིག་གི་གདམ་གསེས་སུ་གྱུར། 2025ལོར་ལི་ཅང་གྲོང་ཁྱེར་གྱིས་འགྲུལ་བ་མི་ཐེངས་ཁྲི8706.19དང་བདེ་ཆེན་ཁུལ་གྱིས་འགྲུལ་བ་མི་ཐེངས་ཁྲི3636.01སྣེ་ལེན་བྱས། ལྕགས་ལམ་འགྲུལ་རྒྱུན་འཕར་བ་དང་འགྲམ་རྒྱུད་རིག་གནས་ཡུལ་སྐོར་ཁྲོམ་ར་རིམ་སྤར་བྱས་པ་ཕན་ཚུན་རམ་འདེགས་བྱེད་བཞིན་ཡོད།
སེམས་ཀྱི་ཉི་ཟླ་འབབ་ཚིགས་ཀྱི་རྒྱུན་མཐུད་ངང་འགྲུལ་བ་སྐྱེལ་འདྲེན་རྩ་འཛུགས་འཐུས་ཚང་དུ་བཏང་ནས། འགུལ་རྣམ་གྱིས་པ་སེ་ཉོ་སའི་སྒེའུ་ཁུང་མང་གཏོང་ཉུང་གཏོང་བྱེད་པ་དང་། འབབ་ཚིགས་ནང་འཛུལ་ཕྱིར་བསྐྱོད་ལམ་ཐིག་ཇེ་ལེགས་སུ་གཏོང་བ། སྒུལ་འཁོར་ནང་འབུད་བ་དང་མར་འབབ་པའི་མི་གྲངས་བཞིན་པ་སེ་ཞིབ་བཤེར་དུས་ཚོད་བཀོད་སྒྲིག་བྱེད་པ། བདེ་འཇགས་ཞིབ་བཤེར་སྟོབས་ཤུགས་ལ་ཤུགས་རྒྱག་པ། “ཤམ་བྷ་ལ·ཅིན་ཧྭ”ཞབས་ཞུ་རུ་ཁག་ལ་བརྟེན་ནས་རྒྱ་སྐད་དང་བོད་སྐད། དབྱིན་སྐད་བཅས་ཀྱི“སྐད་གསུམ་ཞབས་ཞུ”ཁྱབ་གདལ་བཏང་། གཙོ་གནད་འགྲུལ་བར“ས་ཚིགས་གཅིག་གི”རོགས་སྐྱོར་མཁོ་འདོན་བྱས་པ་མ་ཟད། གློག་གསོག་སྡོང་དང་ཅ་ལག་ཉར་སྒམ། དོན་དག་ཡོད་པའི་འགྲུལ་བའི་བགྲོད་ལམ་སོགས་ཀྱི་དམངས་བདེ་སྒྲིག་ཆས་བཀོད་སྒྲིག་བྱས་པས་འགྲུལ་བས་སྒུག་པའི་དུས་ཚོད་ཐུང་དུ་བཏང་།
བོད་རིགས་དང་ན་ཞི་རིགས། ཡུས་རིགས་སོགས་ཀྱི་མི་རིགས་འདུས་ཁུལ་གྱི་མཐོ་སྒང་ལྕགས་ལམ་སྦྲེལ་མཐུད་བྱེད་པ་ཞིག་ཡིན་པའི་ངོས་ནས། ལི་ཞང་ལྕགས་ལམ་ནི་འགྲིམ་འགྲུལ་ལམ་ཐིག་ཅིག་ཡིན་པ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་མཐའ་མཚམས་བརྟན་གཏོང་། ཡུན་ནན་ནུབ་བྱང་རྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམངས་འཚོ་ལམ་ཐིག་ལ་སྐུལ་འདེད་བྱེད་པ་ཞིག་ཏུ་གྱུར། ཡུན་ནན་ལྕགས་ལམ་དྲ་རྒྱ་སྔར་ལས་ལྷག་པར་འཐུས་ཚང་འགྲོ་བ་དང་བསྟུན། ལི་ཞང་ལྕགས་ལམ་ཡུན་ནན་དང་བོད་ལྗོངས་བགྲོད་ལམ་ཁྲོད་འགྲུལ་ཟོག་སྐྱེལ་འདྲེན་ནུས་པ་རྒྱུན་མཐུད་ངང་འཕེལ་བ་རེད། །
འཕྲིན་སྟེགས། weikangba