ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོའི་ཆུ་ཚོད17དང་སྐར་མ06གི་སྟེང་། ཚྭ་འདམ་ཆེ་བར་རིམ་པ6.3ཅན་གྱི་ས་ཡོམ་བྱུང་། ས་ཡོམ་བྱུང་རྗེས། ཞིང་ཆེན་དང་ཁུལ། སྲིད་འཛིན་ཨུ་ཡོན་ལྷན་ཁང་བཅས་རིམ་པ་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གིས་མགྱོགས་མྱུར་དང་ལེན་དང་ནུས་མཐོའི་མཉམ་འགུལ་བྱས་ཏེ། ཡོམ་ཁུལ་སྡོད་དམངས་ཀྱི་ཁང་པ་དང་སྡོད་ཁང་རྙིང་པ། སྤྱི་བའི་སྡེབ་སྒྲིག་ཁང་པ་སོགས་བཟོ་སྐྲུན་དངོས་རྫས་ལ་ཕྱོགས་ཡོངས་ནས་སྒྲིག་གཞིའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དཔྱད་འཇོག་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཡོམ་རྗེས་ཀྱི་བཟོ་སྐྲུན་བདེ་འཇགས་ཉེན་ཁ་སེལ་ཐབས་བྱས་ནས། གནོད་ཐེབས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་ནན་མོ་བྱས། ཟླ6པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད6བར། འཕྲལ་བསྟུན་དཔྱད་འཇོག་བྱ་བ་རྩ་བའི་ཆ་ནས་ལེགས་འགྲུབ་བྱུང་ཡོད།
ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་མཛུབ་སྟོན་བླང་བྱའི་འོག ཆེད་མཁས་པ་བརྒྱ་ལྷག་གིས་སྒྲིག་འཛུགས་བྱས་པའི་འཕྲལ་བསྟུན་དཔྱད་འཇོག་རུ་ཁག་གིས་ཚན་རིག་གི་ཁུལ་དབྱེ་དང་ཁུལ་དབྱེ་དོ་དམ་བྱས་ཏེ། ཡུལ་དངོས་སྡོད་ཁང་གི་བདེ་འཇགས་གནས་ཚུལ་ལ་མཚོན་རྟགས་བཀོད་པ་དང་རིགས་དབྱེ་དོ་དམ་བྱས། གྲལ་བཤེར་ཡུལ་དངོས་སུ། ལས་བྱེད་མི་སྣས་བཟོ་སྐྲུན་གྱི་ལོ་ཚིགས་དང་སྒྲིག་གཞིའི་རྣམ་པ། ཁྱད་ཆོས་བཅས་ལ་དམིགས་ནས་ཆེད་ལས་ཅན་གྱི་ཞིབ་གཅོད་བྱས་པ་དང་། སྡོད་ཁང་གི་བདེ་འཇགས་ཚད་རིམ་དབྱེ་བར་མ་ཟད། སྡེ་བ་དང་སྡེ་ཁུལ་སོ་སོས་དུས་རྣམ་ཀུན་གྱི་སྐོར་ཞིབ་སྔོན་འགོག་བྱ་བའི་རྐྱེན་སྲོལ་དངོས་འབེབས་བྱས་ཏེ། ཡང་བསྐྱར་དོན་རྐྱེན་འབྱུང་བར་འགོག་ཟོན་བྱས།
དེ་དང་མཉམ་དུ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན། འཕྲལ་བསྟུན། གྲོང་ཁྱེར་སྲིད་གཞུང་སོགས་སྡེ་ཁག་མང་པོ་མཉམ་འགུལ་མཐུན་སྦྱོར་བྱས་ནས། ཡོམ་ཁུལ་གྱི་ཆུ་འདོན་ཆུ་འབུད་སྦུག་དྲ་དང་། འབར་རླངས་སྒྲིག་ཆས། འཚོ་བའི་གད་སྙིགས་དབོར་འདྲེན། བཙོག་ཆུ་གཙང་སེལ་མ་ལག་སོགས་རྨང་གཞིའི་སྒྲིག་ཆས་གཙོ་བོར་རིམ་པ་བཞིན་དུ་གྲལ་བཤེར་དཔྱད་འཇོག་བྱས། ས་འོག་སྦུག་དྲ་དང་སྟེམ་སྒོ། ཁྲོན་པ། སོལ་རླངས་མཁོ་འདོན་སྦུག་ལམ་སོགས་འགག་རྩའི་ལྟེ་བའི་སྒྲིག་ཆས་ལ་གྲལ་བཤེར་ཞིབ་མོ་བྱས་ཏེ། བདེ་འཇགས་འཁོར་སྐྱོར་དང་མི་མངོན་པའི་རྐྱེན་ངན་ལུས་མེད་པར་ཁག་ཐེག་བྱས།
མཚོ་སྔོན་ཞིང་ཆེན་མི་དམངས་མཁའ་སྲུང་བཟོ་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་ཟིའི་སྤྱི་གཉེར་བ་གཞོན་པ་ཀི་ཅི་ཧུང་གིས་ངོ་སྤྲོད་བྱས་དོན། མིག་སྔར། ཁུལ་ཁོངས་ཀྱི་སྡོད་ཁང་ཚང་མར་རྩིས་ཐོ་ཅན་གྱི་ཐོ་འགོད་དང་འགུལ་རྣམ་ཅན་གྱི་ཚོད་འཛིན་བྱེད་པའི་བྱ་བ་རྩ་བའི་ཆ་ནས་ཡོངས་སུ་འགྲུབ་སྟེ། ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ནན་མོ་བྱེད་པ་དང་གནས་ཚུལ་རྒྱུས་ལོན་ཐུབ་པར་ཁག་ཐེག་བྱས་ཤིང་། བྱེད་ཐབས་དངོས་ལ་བརྟེན་ནས་མང་ཚོགས་ཀྱི་གཞིས་སྡོད་བདེ་འཇགས་ཀྱི་ཚད་མཐའ་བརྟན་པོར་བསྲུངས་ཡོད། །
འཕྲིན་སྟེགས། weikangba