ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གནམ་གཤིས་ཀྱི་དྲོད་ཚད་མཐོ་རུ་སོང་བ་དང་བསྟུན་ནས། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་གི་ཞིང་ཁར་རིམ་བཞིན་འུར་ཟིང་ཆེ་རུ་གྱུར་ནས་ས་གནས་དེའི་མུའུ་ཁྲི21.68ཡི་དཔྱིད་འདེབས་ལོ་ཏོག་གི་རྨོ་འདེབས་གྲ་སྒྲིག་གི་ལས་དོན་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས།

ཤེས་གསལ་ལྟར་ན། ད་ལོར་ཞོན་ཧྭ་རྫོང་གི་དཔྱིད་འདེབས་རྒྱ་ཁྱོན་ཡངས་བ་དང་ཞིང་པ་ཚོའི་དགོས་མཁོ་གཅིག་བསྡུས་ཡིན་པའི་དོན་དངོས་ལ་དམིགས་ནས་ས་གནས་དེ་གའི་མཁོ་འཚོང་སྡེ་ཁག་གིས“གྲ་སྒྲིག་རྣམ་པར”སྔ་མོ་ནས་ཞུགས་ཏེ། རང་འགུལ་གྱིས་ཤང་དང་གྲོང་རྡལ། གྲོང་སྡེ་སོ་སོའི་ཞིང་པའི་ཞིང་ལས་རྒྱུ་ཆའི་དགོས་མཁོ་འཚོལ་ཞིབ་བྱས་ཏེ། གྲོ་དང་ནས། པད་ཁ་སོགས་ལོ་ཏོག་སྣ་ཚོགས་ལ་སྤྱོད་པའི་རྒྱུད་རིགས་དང་ལུད། ཞིང་སྨན་བཅས་ཀྱི་གྲངས་འབོར་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། སྔ་མོ་ནས་སྤུས་ལེགས་དངོས་ཟོག་ཡོང་ཁུངས་ཀྱི་བཟོ་གྲྭ་དང་འབྲེལ་མཐུད་བྱས་ཏེ། གཞི་རིམ་གྱི་མཁོ་འཚོང་ལས་ཚིགས་དང་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་ལ་བརྟེན་ནས། སྟབས་བདེའི་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དྲ་རྒྱ་བཏོད་དེ། ཞིང་བའི་ཁྱིམ་ཚང་གི་སྒོ་འགྲམ་ནས་བློ་བདེ་ཞིང་ལས་རྒྱུ་ཆ་ཉོ་ཐུབ་པར་བྱས།

མིག་སྔར་བར་ཞོན་ཧྭ་རྫོང་གི་དཔྱིད་རྨོའི་དངོས་ཟོག་གསོག་ཉར་འདང་ངེས་དང་སྣ་ཁ་ཆ་ཚང་བ། སྤུས་ཚད་ལེགས་པོ་བཅས་ཡོད་ལ།བསྡོམས་པས་སྤུས་ལེགས་འབྲུ་རིགས་ཀྱི་ས་བོན་ཏུན737.3དང་། རྫས་ལུད་རིགས་སྣ་ཚོགས་ཏུན7502དང་ཞིང་སྤྱོད་འགྱིག་ཤོག་ཏུན430 ། ཞིང་སྨན་ཏུན50བཅས་གསོག་འཇོག་བྱས་ཡོད་པས། ཞིང་ལས་རྒྱུ་ཆ་སྣ་ཚོགས་འདང་ངེས་དོན་ཐོག་ཏུ་འབྱོར་བས་ཞིང་པའི“ལུད་ཉོ་དཀའ་བ་དང་ས་བོན་ཉོ་ཐག་རིང་བའི”སེམས་ཁྲལ་སེལ་ཡོད།

“སྔོན་ཆད་ཞིང་ལས་རྒྱུ་ཆ་ཉོ་དུས་ལམ་རིང་བོར་སྐྱོད་དགོས་པ་མ་ཟད་རླངས་འཁོར་མང་པོ་སྤོར་དགོས་པས་དུས་ཚོད་འགོར་ལ་ནུས་ཤུགས་ཡང་ཟད། ད་ལྟ་ཤང་ནང་གི་མཁོ་ཚོང་སྡེ་ཁག་ལ་དངོས་ཟོག་ཆ་ཚང་ཞིང་རིན་གོང་བདེ་བ། ད་དུང་སྒོ་མདུན་ལ་བསྐྱལ་ཆོག་པས་སེམས་ཁྲལ་བྱ་རྒྱུ་ཕལ་ཆེར་མེད།”བིས་མདོ་བོད་རིགས་ཤང་ཞིང་པ་ལྷ་ལུང་དོན་གྲུབ་ཀྱིས་ཉོ་སྒྲུབ་གྱི་རྫས་ལུད་རྩིས་རྒྱག་ཞོར་དགོད་ཞོར་དུ་དེ་ལྟར་བཤད། སྟབས་བདེའི་མཁོ་སྤྲོད་ཞབས་ཞུ་ཕུད། ལས་དོན་མི་སྣས་ད་དུང་ས་གནས་དངོས་སུ་བསྐྱོད་དེ་ཁོང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ལུད་རྒྱག་པ་དང་སོན་བཟང་འདེམས་སྤྱོད་ཀྱི་སྤྱོད་གོ་ཆོད་པའི་ཐབས་རྩལ་ལ་འགྲེལ་བཤད་བརྒྱབ་པ་མ་ཟད་དཔྱིད་རྨོའི་འདེབས་ལས་གཙོ་གནད་ལ་མཛུབ་ཁྲིད་ཀྱང་བྱས་ཡོད། ལྷག་བསམ་ལྡན་པའི་ཞབས་ཞུ་འདིས་ཁོང་གིས་ད་ལོའི་ཐོན་འབབ་ལ་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

མཁོ་སྤྲོད་འགན་ལེན་བྱེད་པ་དང་དུས་མཚུངས་སུ་རྫོང་མཁོ་ཚོང་མཉམ་ལས་ཁང་གིས་ཞིང་ལས་གྲོང་གསེབ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། ཞིང་ལས་རྒྱུ་ཆའི་ཁྲོམ་རར་ཆེད་དམིགས་ཞིབ་བཤེར་བྱ་སྤྱོད་སྤེལ་ནས་རྫུན་ལྷད་ཞན་གསུམ་དང་། སྤུས་ཚད་ངན་པས་ལེགས་པར་རྫུས་པ་དང་རིན་གོང་ཧམ་སྤར་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། མགོ་ཁུངས་ནས་ཚད་ལྡན་མིན་པའི་ཞིང་ལས་རྒྱུ་ཆ་ཞིང་ཁར་འདྲེན་རྒྱུ་བཀག་འགོག་བྱས་ཏེ། ཞིང་པ་རང་གི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ནས་ཚང་མས་བློ་བདེ་པོའི་ངང་ཉོ་བ་དང་བེད་སྤྱོད་ཐུབ་པ་བྱས་ཡོད།

ཞིང་ཁྱིམ་གྱི་དཔྱིད་རྨོའི་ཐོན་སྐྱེད་ཀྱི་དངོས་ཡོད་དགོས་མཁོར་དམིགས་ཏེ་མཁོ་ཚོང་མཉམ་ལས་ཁང་གིས་ད་དུང་དུས་ཆད་ལྟར་ཉོ་བ་དང་སྒོ་རྩར་བསྐྱོད་ནས་སྡེབ་སྐྱེལ་བྱེད་པ། ལག་རྩལ་ཁྱེར་ནས་གྲོང་གསེབ་ཏུ་སྐྱོད་པ་སོགས་དམངས་ཕན་བྱེད་ཐབས་བཏོན་ནས་དངོས་རྫས་འགན་ལེན་དང་ལག་རྩལ་ཞབས་ཞུ་དུས་གཅིག་ཏུ་ཞིང་དུད་ཀྱི་འགྲམ་དུ་སྐྱེལ་བ་རེད། བིས་མདོ་ཤང་མཁོ་འཚོང་ཁང་གི་ཀྲུའུ་རེན་མ་ཅི་ལུའུ་ཡིས“ད་ལོར་ང་ཚོས་སྔོན་ལ་རྫས་ལུད་སྣ་ཚོགས་གསོག་འཇོག་བྱས་པས་གསོག་འཇོག་བྱེད་ཚད་ཤང་ཡོངས་ཀྱི་གྲོ་དང་ནས། པད་ཁ་སོགས་གཙོ་བྱས་པའི་སྐྱེ་དངོས་ཀྱི་འདེབས་ལས་དགོས་མཁོ་རྦད་དེ་ཁྱབ་ཡོད”ཅེས་རྫོང་མཁོ་འཚོང་ཁང་གིས་རྒྱུན་མཐུད་ཀྱིས་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་གནས་ཚུལ་ལ་འགུལ་ཕྱོགས་ལྟ་ཞིབ་བྱས་ནས། མཁོ་སྤྲོད་ཞབས་ཞུ་དུས་ཐོག་ཐོན་པ་ཇེ་ལེགས་སུ་བཏང་སྟེ་དཔྱིད་རྨོའི་ཞིང་ལས་རྒྱུ་ཆ་རྒྱུན་ཆད་མེད་པར་རིམ་སྒྲིག་དང་སྟོང་ཆ་མི་ཆད་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ། མཁོ་སྤྲོད་འགན་ལེན་གྱི་བྱ་ཐབས་ཏན་ཏིག་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་སྤུས་འབྲས་ལེགས་གཏོང་ལ་རོགས་རམ་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་མཁོ་འཚོང་སྟོབས་ཤུགས་བརྟན་པོ་བསྣན་ཡོད་ཅེས་ངོ་སྤྲོད་བྱས། །
འཕྲིན་སྟེགས། weikangba