
འདི་ནི་ལྷ་ལུང་གྲོང་ཚོའི་ལོ་ལོན་ཞིག་གིས་ཕྱུར་བ་སྐམ་བཞིན་པའི་ཚུལ་རེད།

འདི་ནི་ལྷ་ལུང་གྲོང་ཚོའི་རྩྭ་ར་ནང་གི་ནོར་གཡག་ཡིན།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དགུན་དུས་ཀྱི་ཞོགས་པར་གངས་དཀར་སྟེང་ཉི་རྩེ་བརྒྱབ་པ་དང་བསྟུན། མལ་གྲོ་གུང་དཀར་རྫོང་གི་ལྷ་ལུང་གྲོང་ཚོ4བར་ཐབ་ཀྱི་དུ་བ་གོ་རིམ་ལྡན་པའི་བོད་ལུགས་ཐོག་ཁང་བར་འཚུབ་འཚུབ་ལངས། ཐོག་ཁང་གཉིས་ཅན་གྱི་སྡོད་ཁང་གཞུང་ལམ་ཆུང་ཆུང་འགྲམ་རྒྱུད་དུ་གྲལ་བསྒྲིགས་པ་དང་། དྭངས་གཙང་གི་གྱང་ངོས་དང་ཁྱིམ་ཚང་གི་ར་སྐོར་གྱིས་ལྷིང་འཇགས་སུ་གནས་པའི་གྲོང་སྡེའི་རི་མོ་ཞིག་གྲུབ། འབྲོག་ལས་རྐྱང་རྐྱང་གཉེར་བའི་གྲོང་སྡེ་ཞིག་ཡིན་པའི་ཆ་ནས། ལྷ་ལུང་གྲོང་ཚོ4བའི་ཁྱིམ་ཚང23གྱིས་ཕྱུགས་ཟོག་མགོ་གྲངས1000གསོ་བཞིན་ཡོད་པས། ཞོགས་པའི་གྲོང་ཚོ་རུ་སྔ་མོ་ནས་གསོན་ཤུགས་རྒྱས་པའི་རྣམ་པ་ཤར།
ལོ74ལོན་པའི་བློ་བཟང་དར་རྒྱས་ར་སྐོར་ནང་དུ་བསྡད་དེ་ནོར་གཡག་གི་སྐེ་ཕྲེང་བཟོ་བཞིན་ཡོད་ལ། ཁ་མདོག་རྣམ་པ་བཀྲ་བའི་སྐུད་པ་མཛུབ་རྩེ་ནས་དཀྲི་སྟེ་ཐུན་མོང་མ་ཡིན་པའི་དཔེ་རིས་སུ་གྲུབ། ཁོའི་ཆུང་མས་འགྲམ་དུ་ཕྱུར་བ་སྐམ་བཞིན་ཡོད་ལ། དག་གཙང་གི་ཕྱུར་བས་ཉི་འོད་འོག་ཡིད་དབང་འཕྲོག་པའི་འོད་འཕྲོས་བཞིན་ཡོད། ལོ་ལོན་གཉིས་ཀྱི་གདོང་དུ་བདེ་སྐྱིད་ལྡན་པའི་འཛུམ་གྱིས་ཁེངས། “ཁྱིམ་གྱི་ཕྱུགས་ཟོག170བུ་ཕྲུག་ཚོས་བདག་སྐྱོང་བྱེད་བཞིན་ཡོད་པས་ངེད་གཉིས་ཀྱིས་ལག་བཟོ་བཟོས་ནས་དུས་ཚོད་བེད་སྤྱོད་གཏོང་བཞིན་ཡོད”ཅེས་བློ་བཟང་དར་རྒྱས་ཀྱིས་བརྗོད། ཡང་ཁོང་གིས་ད་ལོར་གྲོང་ཚོའི་ཨ་ལྷན་གྱིས་འབྲི་མོ་7བྱིན་པས་ཚང་མ་གྲོང་ཚོའི་ཐུན་མོང་ནོར་གཡག་གསོ་སྤེལ་ལས་གཞི་ནང་ཞུགས་པར་སྣེ་ཁྲིད་བྱས། “ཚན་རིག་དང་མཐུན་པའི་གསོ་སྤེལ་སློབ་ཐུབ་པ་མ་ཟད། ལོ་མཇུག་ལ་ཁེ་ཕོག་བགོ་བ་དང་། འོ་མ། མར། ཕྱུར་བ་ཟོས་མ་ཚར་ན་ད་དུང་ཕྱིར་འཚོང་བྱས་ཆོག་པས་འཚོ་བ་སྔར་ལས་བདེ་སྐྱིད་དུ་གྱུར”ཞེས་ཟེར།
ལྷ་ལུང་གྲོང་ཚོ་རུ་བློ་བཟང་དར་རྒྱས་ལྟ་བུར་ནོར་གཡག་གསོ་སྤེལ་ལ་བརྟེན་ནས་ཁེ་ཕན་ཐོབ་པའི་གྲོང་མི་སྔར་ལས་མང་དུ་འགྲོ་བཞིན་ཡོད། མ་དངུལ་སྤྱིའི་གཏོང་ཚད་སྒོར་ཁྲི98ལས་གཞི་འདི་ད་ལྟ་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་བརྟན་གཏོང་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་སྒུལ་འཁོར་ལྟ་བུ་གྱུར།
གྲོང་ཚོའི་ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་པ་ནི་དམངས་ཕྱུག་འགྱུར་དང་གྲོང་ཚོ་དར་སྤེལ་གཏོང་བའི་གནད་འགག་ཡིན། སྐོར་མང་པོའི་ཡུལ་དངོས་རྟོག་ཞིབ་དང་གྲོང་མིའི་བསམ་འཆར་བསྡུ་ལེན་བརྒྱུད། ལྷ་ལུང་གྲོང་ཚོའི་“ཨུ་ལྷན”གཉིས་ཀྱིས་ས་གནས་སྤུས་ལེགས་རང་བྱུང་རྩྭ་སའི་ཐོན་ཁུངས་ལ་བརྟེན་པ་དང་། ཐབས་ལམ་མང་པོའི་མ་དངུལ་བསྡུ་ལེན་བྱས་ནས་ཆ་སྙོམས་ནོར་གཡག་མགོ་གྲངས་རེར་སྒོར8570རིན་གོང་གིས་འབྲི་མོ114ཉོས་པས། ཐོན་ལས་ཕྱུག་འགྱུར་གྱི་མཁྲེགས་གཏོར་དམག་འཐབ་དངོས་སུ་བརྒྱབ།
“ང་ཚོས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས། ནོར་གཡག་གསོ་སྤེལ་ནི་གྲོང་ཚོའི་སྲོལ་རྒྱུན་གྱི་ལེགས་ཆའི་ཐོན་ལས་ཡིན་པས། རྩྭ་སའི་ཐོན་ཁུངས་སྒོར་མོ་རུ་སྒྱུར་ཐུབ་པ་མ་ཟད། གཞི་ཁྱོན་ཅན་གྱི་ཕན་འབྲས་སུ་སྒྱུར་ཐུབ་པས་ལྷ་ལུང་གྲོང་ཚོའི་དོན་དངོས་དང་མཐུན་པའི་བགྲོད་ལམ་ཞིག་ཡིན”ཞེས་གྲོང་ཚོའི་ཏང་ཨུ་ཧྲུའུ་ཅི་འཕྲིན་ལས་དོན་འགྲུབ་ཀྱིས་དེ་ལྟར་བརྗོད། ལས་གཞི་འཆར་འགོད་ནས་ལག་ལེན་བྱས་པའི་བར་དུ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གོ་རིམ་ཧྲིལ་བོར་དྲང་གཞག་དྲང་བདེན་དང་མ་དངུལ་བེད་སྤྱོད་ཁྱབ་བསྒྲགས། ཉོ་སྒྲུབ་གོ་རིམ་དང་ཡོང་འབབ་སྔོན་རྩིས་བཅས་བྱས་ནས། གྲོང་མི་ཚོ་སེམས་བདེ་བའི་ངང་ལས་གཞི་ནང་ཞུགས་པ་དང་ཁེ་ཕན་ཐོབ་པར་འགན་ལེན་ཡག་པོ་བྱས།
ལས་གཞི་ལེགས་འགྲུབ་བྱུང་བ་དེ་ཚན་རིག་གི་དོ་དམ་དང་ཞིབ་ཕྲ་ལྡན་པའི་ཡོང་འབབ་བཀོད་སྒྲིག་ཇུས་འགོད་དང་ཁ་བྲལ་མི་ཐུབ། ལྷ་ལུང་གྲོང་ཚོས་ཡོང་འབབ་བགོ་བའི་གོ་རིམ་ཁྲོད་ནམ་ཡང“དམངས་དོན་ཆེད་ཀྱི་དུས་འགོའི་འདུན་པ”རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་གྲུབ་འབྲས་གྲོང་མིས་མཉམ་སྤྱོད་འགན་སྲུང་བྱས་པས་ཇུས་འགོད་ཀྱིས་ཐོག་མར་གྲོང་ཚོའི་གནས་སྤར་མེད་པའི་ཡིག་ཚགས་བཟོས་པའི་དཀའ་ངལ་ཁྱིམ་ཚང10ལ་ཕན་ཐོགས་པ་རེད། བརྟན་བརླིང་གི་ལོ་མཇུག་ཁེ་ཕོག་བགོས་པ་བརྒྱུད་དེ་ཡང་བསྐྱར་དབུལ་པོ་མི་འགྱུར་བའི་འགོག་སྲུང་འཛིང་རགས་གཏན་སྲུང་བྱས། དུས་མཚུང་སུ་ཡོང་འབབ་ཁ་ཤས་བསྡུས་ཏེ་གྲོང་ཚོའི་དཀའ་ངལ་ལྡན་པའི་ལོ་ལོན་དང་ཏང་ཡོན། སློབ་མ་བཅས་ལ་འཚམས་འདྲི་བྱེད་པའི་ཐད་སྤྱོད་པ་དང་། བསམ་ཡུལ་ལས་འདས་པའི་དོན་རྐྱེན་བྱུང་ནས་གནས་སྐབས་སུ་དཀའ་ངལ་དང་འཕྲད་པའི་ཞིང་ཁྱིམ་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས།
“ཐུན་མོང་དཔལ་འབྱོར་རྒྱ་བསྐྱེད་ཅིང་འཕེལ་རྒྱས་སུ་གཏོང་བ་ནི་ཐབས་ལམ་ཞིག་ཡིན། རྩ་བའི་དམིགས་འབེན་ནི་གྲོང་མི་རེ་རེས་དངོས་གནས་འཕེལ་རྒྱས་ལས་ཐོན་པའི་གྲུབ་འབྲས་ལོངས་སུ་སྤྱོད་པ་དེ་ཡིན”ཞེས་འཕྲིན་ལས་དོན་འགྲུབ་ཀྱིས་དེ་ལྟར་ངོ་སྤྲོད་བྱས། “གནད་ཁེལ་དམངས་ཕན། དཀའ་ངལ་ལྡན་པའི་གྲོང་མི་གཙོ་འཛིན”གྱི་བགོ་བཤའ་རྒྱག་པའི་ལམ་སྲོལ་དེས་མང་ཚོགས་གཉོམ་ཆུང་རིགས་ཀྱི་རྨང་གཞིའི་འཚོ་བ་འགན་ལེན་བྱས་པ་མ་ཟད། ཤུགས་རྐྱེན་ཐེབས་པའི་རིམ་བཞིན་འགྱུར་བའི་ཁྲོད་ཕན་ཚུན་རོགས་རེས་དང་ཕན་ཚུན་རྒྱབ་སྐྱོར་གྱི་གྲོང་ཚོའི་སྲོལ་བཟང་ཆགས་པ་དང་རྒྱུན་འཛིན་བྱས་པས་གཞིས་ཁུལ་གྱི་གོང་བུར་འགྲིལ་ཤུགས་ཀྱང་ཤུགས་ཆེ་རུ་བཏང་།
འཁོར་སྐྱོད་ཚོང་གཉེར་དོ་དམ་སྟེང་། ལྷ་ལུང་གྲོང་ཚོས་གསར་སྐྲུན་སྒོས“གྲོང་ཚོའི་ཐུན་མོང+མཉམ་ལས་ཁང+ཞིང་ཁྱིམ”གྱི་ཁྱད་ལྡན་འཕེལ་རྒྱས་ལམ་བུ་ཞིག་གཏོད། གྲོང་ཚོའི“ཨུ་ལྷན”གཉིས་ཀྱིས་གྲོང་ཚོའི་སྲིད་གཞུང་དང་གྲོང་ཚོའི་ཕྱུགས་ནད་སྨན་བཅོས་ས་ཚིགས་དང་ཆེད་ལས་ལྡན་པའི་ཞབས་ཞུ་རུ་ཁག་ཅིག་བཙུགས་ཏེ། གསོ་སྤེལ་ཁྱིམ་ཚང་ལ་ཚན་རིག་དང་མཐུན་པའི་གསོ་སྤེལ་དང་ལག་རྩལ་མཛུབ་སྟོན། རིམས་ནད་རྒྱུན་རྣམ་ཅན་གྱི་འགོག་བཅོས་སོགས་ཀྱི་ཕྱོགས་མང་པོའི་རྒྱབ་སྐྱོར་གནང་། ཡང་གསོ་སྤེལ་ཁྱིམ་ཚང་དང་ཚད་ལྡན་འཁོར་སྐྱོད་ཚོང་གཉེར་གྲོས་མོལ་བཙུགས་ཏེ་དབང་ཆའི་འོས་འགན་དང་ཡོང་འབབ་བགོ་བཤའ་རྒྱག་པའི་བསྡུར་ཚད་གཏན་ཁེལ་བྱས། དེས་ཐུན་མོང་གི་རྩ་འཛུགས་མཐུན་སྦྱོར་ནུས་བ་འདོན་སྤེལ་གང་ལེགས་བྱས་པ་མ་ཟད། ཞིང་ཁྱིམ་གྱི་གསོ་སྤེལ་ཧུར་སེམས་ལ་སྐུལ་སློང་བྱས། འཆར་འགོད་ལྟར་ན། ལོ་ལྔའི་གསོ་སྤེལ་གྲོས་མོལ་དུས་ལོན་ཚེ་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་ཁྲོམ་རའི་གནས་ཚུལ་དང་གསོ་སྤེལ་ཕན་འབྲས་གཞིར་བཟུང་སྟེ་འཆར་འགོད་ལེགས་སུ་གཏོང་རྒྱུ་དང་། ལས་གཞི་འཕེལ་རྒྱས་སུ་འགྲོ་ཞིང་རྒྱུན་མཐུད་ངང་ཕན་འབྲས་ཐོབ་པར་སྐུལ་འདེད་བྱ་རྒྱུ་རེད།
ཡིན་ཡང་། ལྷ་ལུང་གྲོང་ཚོས་གཅིག་རྐྱང་གི་ནོར་གཡག་གསོ་སྤེལ་ཐོན་ལས་ལ་ཡིད་མ་ཚིམ་པར། ས་གནས་ཐུན་མོང་མ་ཡིན་པའི་སྤུས་ལེགས་ཆུ་ཚན་ཐོན་ཁུངས་དང་། ཡངས་ཤིང་རྔམ་བརྗིད་ལྡན་པའི་མཐོ་སྒང་གི་མཛེས་ལྗོངས། ཉིན་བཞིན་སྟབས་བདེ་རུ་འགྱུར་བཞིན་པའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས། གྲོང་ཚོས་མཐོ་སྒང་གི་གངས་ཤུལ་དང་ལྗང་མདོག་གློག་གསོག་སོགས་ཀྱི་ལས་རྣམ་གསར་བའི་ལས་གཞི་ཇུས་འགོད་དང་ནང་འདྲེན་བྱེད་རྩིས་ཡོད། དེ་ནི་འབུར་དུ་ཐོན་པའི་སྐྱེ་ཁམས་ལེགས་ཆ་དོན་དངོས་ཀྱི་འཕེལ་རྒྱས་སུ་སྒྱུར་འདོད་པ་རེད། “ངེད་གྲོང་ཚོའི་རི་མཐོའི་གངས་ཤུལ་ཐང་ལས་གཞི་འཁོར་སྐྱོད་འགོ་བརྩམས་ནས། གྲོང་མི50‘རང་གི་སྒོ་ཁ’ནས་ལས་ཞུགས་ཐུབ་པ་མངོན་འགྱུར་བྱུང་། མ་འོངས་པར་གྲོང་གསེབ་ཡུལ་སྐོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན། གྲོང་ཚོའི་ཚོང་ཁང་ཆུང་ཆུང་དང་ཁྱིམ་ཚང་མགྲོན་ཁང་། ཁྱད་ལྡན་ཟ་ཁང་སོགས་ཀྱི་ཆ་འགྲིག་ཚོང་ལས་ཡང་རིམ་བཞིན་དར་རྒྱུ་རེད”ཅེས་འཕྲིན་ལས་དོན་འགྲུབ་ཀྱིས་ཡིད་ཆེས་ལྡན་པའི་ངང་གྲོང་ཚོའི་འགྱུར་ལྡོག་གསར་བ་ངོ་སྤྲོད་བྱས།
ད་ལྟ། ནོར་གཡག་གསོ་སྤེལ་ལས་གཞི་ལ་བརྟེན་ནས་ལོ་རེར་ལྷ་ལུང་གྲོང་ཚོར་ཐུན་མོང་དཔལ་འབྱོར་སྒོར་ཁྲི47ཡོང་འབབ་སྐྲུན་བཞིན་ཡོད། གངས་ཤུལ་ཐང་སོགས་ཀྱི་ཐོན་ལས་གཞན་པའི་ཡོང་འབབ་རྐྱེན་གྱིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྔར་ལས་མང་དུ་འགྲོ་བཞིན་ཡོད་ལ་དངོས་ཡོད་སྟོབས་ཤུགས་ཀྱང་འཕར་བཞིན་ཡོད། ཐུན་མོང་གི་ཡོང་འབབ་བེད་སྤྱོད་ཡག་པོ་བྱས་ནས་ཕན་འབྲས་ཐོབ་ཆེད། ལྷ་ལུང་གྲོང་ཚོས་གཟབ་ནན་གྱི་ནོར་དོན་ལྟ་སྐུལ་ལམ་ལུགས་དང་ཕྱོགས་ཡོངས་ཀྱི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་གསུམ་གྱི་དོ་དམ་ཟིན་ཐོ་ཞིབ་ཕྲ་བཟོས་ནས། ལས་གཞི་ཡོངས་ཀྱི་གཏོང་ལེན་གནས་ཚུལ་དུས་ལྟར་གྲོང་ཚོའི་ཁྱབ་བསྒྲགས་བྱང་བུ་སྟེང་ཁྱབ་བསྒྲགས་བྱས་པ་མ་ཟད། རང་འགུལ་གྱིས་ཏང་ཡོན་ཡོངས་དང་གྲོང་མི། སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་མིའི་ལྟ་སྐུལ་དང་ལེན་བྱེད་པ་རེད། “ཞིབ་ཐོ་གསལ་ན་མི་ཚོའི་སེམས་སུ་ཡང་གསལ། ང་ཚོ་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཡང་ཡིད་ཆེས་ལྡན་པ་མ་ཟད་སྔར་ལས་རྒྱབ་སྐྱོར་ཡང་ཡོད”ཅེས་སྐད་ཆ་དེས་གྲོང་མི་ཡོངས་ཀྱི་སེམས་གཏམ་མཚོན།
ད་ལྟའི་ལྷ་ལུང་གྲོང་ཚོ་རུ་ཐོན་ལས་དར་བས་འདེགས་སྐྱོར་བརྟན་པོ་ཡོད་པ་དང་། སྐྱེ་ཁམས་སྡོད་ལ་འཚམ་པས་འགུགས་ཤུགས་དྲག་པོ་བཏོན། གྲོང་ཚོའི་སྲོལ་བཟང་གིས་དྲོད་ཁོལ་སྦྱིན་པ། བཅོས་སྐྱོང་འབྲས་ཐོན་གྱིས་འགན་ལེན་ཡག་པོ་སྐྲུན། འཚོ་བ་འབྱོར་ཕྱུག་གིས་རེ་བ་ཆེན་པོ་ལྡན། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་སྣེ་ཁྲིད་འོག་ཏུ་ནོར་གཡག་གསོ་སྤེལ་ལས་གྲུབ་པའི“གསེར་གྱི་ལྡེ་མིག”དེས་རྒྱུན་ཆད་མེད་པར་གྲོང་གསེབ་དར་སྤེལ་བགྲོད་ལམ་ཁྲོད་ཀྱི་བདེ་སྐྱིད་གསང་ཡིག་སེལ་བཞིན་ཡོད། ཡང་ལྷ་ལུང་གྲོང་ཚོ་མཉམ་ཕྱུག་བགྲོད་ལམ་ཁྲོད་བརྟན་བརླིང་ངང་མདུན་དུ་བསྐྱོད་དེ་མཐོ་སྒང་འབྲོག་ཁུལ་གྱི་གྲོང་གསེབ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་པར་སྐུལ་འདེད་བྱེད་བཞིན་ཡོད། །
འཕྲིན་སྟེགས། weikangba